《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月24日

ཀུན་སེམས་གཅིག་ཏུ་བསྒྲིལ་ནས་འབྱོར་འབྲིང་ཕུགས་འདུན་མཉམ་དུ་བཏོད།

—— རྒྱལ་རྩེ་རྫོང་བདེ་སྐྱིད་གྲོང་ཚོའི་རིག་འཛིན་ཕན་ཐོགས་ཁྱིམ་གྱི་དབུལ་སྒྲོལ་གཏམ་རྒྱུད།

བདེ་སྐྱིད་གྲོང་ཚོ་ནི་རྒྱལ་རྩེ་རྫོང་སྟག་རྩེ་ཤང་གི་འཛུགས་ཕྱི་ཤོས་དང་དབུལ་ཤོས་ཀྱི་གྲོང་ཚོ་ཞིག་ཡིན་པ་དང་གྲོང་ཚོ་ཡོངས་རྒྱལ་རྩེ་རྫོང་ན་རོང་ཤང་དང་མཁར་སྨད་ཤང་སོགས་ནས་གནས་སྤོས་པའི་གྲོང་མི་ལས་གྲུབ་པ་ཞིག་རེད། དེར་རིག་འཛིན་ཕན་ཐོགས་དང་ལི་ཐེ་ཁྲེང་ལས་གྲུབ་པའི་བོད་རྒྱ་མི་རིགས་ཁྱིམ་ཚང་ཞིག་ཡོད།

1988ལོར་རིག་འཛིན་ཕན་ཐོགས་བདེ་སྐྱིད་གྲོང་ཚོའི་ཞིང་པ་དཀྱུས་མ་ཞིག་གི་ཁྱིམ་དུ་སྐྱེས་པ་དང་ཁྱིམ་དུ་ནང་མི་དྲུག་ཡོད། ཁྱིམ་ཚང་ཆ་རྐྱེན་དེ་ཙམ་ཡག་པོ་མེད་ཀྱང་རིག་འཛིན་ཕན་ཐོགས་དཀའ་སྤྱད་འབད་བརྩོན་ཆེ་བ་དང་མི་གཞན་ལ་རོགས་རམ་བྱ་རྒྱུར་དགའ་བའི་གཤིས་རྒྱུད་ལས་གྲོང་པ་ཁྱིམ་མཚེས་ཀྱིས་ཁོང་ལ་ལྟ་སྟངས་ཡག་པོ་ཡོད།

ཁྱིམ་ཚང་གི་ཆ་རྐྱེན་ཡག་པོ་མེད་པར་བརྟེན་དམའ་རིམ་སློབ་འབྲིང་ཐོན་རྗེས་རིག་འཛིན་ཕན་ཐོགས་མུ་མཐུད་སློབ་གྲྭར་འགྲོ་ཐུབ་མེད། 2008ལོར་རིག་འཛིན་ཕན་ཐོགས་ཀྱིས་ལྷ་སར་གླ་པ་རྒྱུག་པར་བསྐྱོད་པ་དང་རྩལ་ནུས་དེ་ཙམ་མེད་པའི་ཁོང་སྔ་རྗེས་སུ་ཤོག་བུ་བཟོ་མཁན་དང་ཟ་ཁང་གི་ཞབས་ཞུ་བ་སོགས་ལོ་ལྔ་བྱས།

2013ལོར་རིག་འཛིན་ཕན་ཐོགས་ཀྱིས་ལྷ་སར་ཚོང་རྒྱག་བཞིན་པའི་ལི་ཐེ་ཁྲེང་ངོ་ཤེས།

ཐེངས་ཤིག་རིག་འཛིན་ཕན་ཐོགས་ལ་སྔོ་ཚལ་འདེབས་འཛུགས་ཀྱི་ལས་ཀ་ཞིག་རག་པ་དང་སྤྱང་གྲུང་ལྡན་པའི་ཁོང་གིས་སྔོ་ཚལ་འདེབས་འཛུགས་ཀྱི་ཁྲོམ་རའི་མདུན་ལམ་ཡག་པོ་ཡོད་པ་ཤེས་ནས་བྱ་ཐབས་སྣ་མང་བརྒྱུད་སྔོ་ཚལ་འདེབས་འཛུགས་ཀྱི་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱས།

2015ལོར་ཁོང་དང་ལི་ཐེ་ཁྲེང་གིས་ས་ཆ་མང་པོར་བསྐྱོད་མཐར་ལྷ་རྩེ་རྫོང་དུ་དྲོད་ཁང་ཆེ་མོའི་སྔོ་ཚལ་འདེབས་འཛུགས་ཀྱི་ལས་ཀ་བྱེད་འགོ་ཚུགས།

ལས་ཀ་ཐམས་ཅད་འགོ་འཛུགས་དུས་དཀའ་ཞེས་པ་ལྟར་རིག་འཛིན་ཕན་ཐོགས་བཟའ་ཚོས་དེའི་ཐད་ཀྱི་འབྲེལ་ཡོད་ཤེས་བྱ་ཞིབ་ཚགས་ཤིག་སྦྱོང་མྱོང་མེད་པར་བརྟེན་སྔོ་ཚལ་འདེབས་འཛུགས་ཀྱི་ལག་རྩལ་དང་། དྲོད་ཚད་ཚོད་འཛིན། སྔོ་ཚལ་གྱི་སྣ་ཁ་འདེམས་པ་སོགས་ཀྱི་ཤེས་བྱ་མང་པོ་ཞིག་སྦྱངས་ནས་སྦྱངས་ཟིན་པའི་ལག་རྩལ་དག་ལག་ལེན་དངོས་ནང་སྤྱོད་འགོ་ཚུགས།

2015ལོར་རིག་འཛིན་ཕན་ཐོགས་བཟའ་ཚོས་ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་དུ་སྔོ་ཚལ་དང་ཤིང་འབྲས་ཀྱི་དགོས་མཁོ་ཆེན་པོ་ཡོད་པ་ཤེས་རྗེས་འཕྲལ་མར་མ་དངུལ་སྒོར་ཁྲི་10གྲབས་གསོག་བྱས་ནས་སྔོ་ཚལ་དང་ཀྭ་རིགས་མཁོ་ཚོང་མཉམ་ལས་ཁང་ཞིག་བཙུགས།

ཁོང་གཉིས་ཀྱི་འབད་བརྩོན་ལྷོད་མེད་བརྒྱུད་2015ལོར་རིག་འཛིན་ཕན་ཐོགས་ཁྱིམ་ལ་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་8546ཟིན་ཏེ་གྲོང་ཚོའི་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་ནས་སྐད་གྲགས་ཅུང་ལྡན་པའི་ཕྱུག་འགྱུར་དུད་ཚང་དུ་གྱུར་ཡོད།

“ཆུ་འཐུང་དུས་ཆུ་འགོ་དྲན་པ་དང་རྒྱུ་ནོར་སྤྱི་ཚོགས་ནས་ཐོབ་པས་སྤྱི་ཚོགས་ལ་དྲིན་ལན་འཇལ་དགོས། དེ་ནི་མི་ཞིག་སྤྱི་ཚོགས་ཐོག་གཞི་ཚུགས་པའི་རྩ་བ་ཞིག་རེད་ལ་མི་བཟང་པོ་ཞིག་བྱེད་པའི་ཚད་གཞི་ཡང་རེད”ཅེས་རིག་འཛིན་ཕན་ཐོགས་ཀྱིས་བཤད། སྔོན་དུ་ཕྱུག་པོ་ཆགས་པའི་ཁོང་གིས་ཡུལ་མི་ཚོ་མ་བརྗེད་པར་དུས་སྐབས་ཤིག་རིང་བསམ་བློ་བཏང་བ་བརྒྱུད་རིག་འཛིན་ཕན་ཐོགས་ཀྱིས་སྟག་རྩེ་ཤང་དུ་ལོག་ནས་ལས་གཏོད་བྱས་ཏེ་ཕ་ཡུལ་མང་ཚོགས་ཀྱི་སྣེ་འཁྲིད་དེ་མཉམ་དུ་དབུལ་སྒྲོལ་ཕྱུག་འགྱུར་བྱ་རྒྱུའི་སེམས་ཐག་བཅད།

2017ལོར་བདེ་སྐྱིད་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་སྟག་རྩེ་ཤང་ཏང་ཨུད་དང་སྲིད་གཞུང་ལ་རིག་འཛིན་ཕན་ཐོགས་ཀྱི་བྱས་རྗེས་སྙན་སེང་ཞུས་ཡོད། རིག་འཛིན་ཕན་ཐོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱས་རྗེས་སྟག་རྩེ་ཤང་ཏང་ཨུད་དང་སྲིད་གཞུང་གིས་ཁོང་ལ་རིན་མི་དགོས་པར་ས་ཆ་མཁོ་འདོན་བྱས་ནས་ཁོང་ལ་སྨི་ངོས་གྲུ་180ཡོད་པའི་ཚད་ལྡན་ཅན་གྱི་སྒོ་རྩིས་ཚོང་ཁང་ཆུང་ངུ་ཞིག་འཛུགས་རོགས་བྱ་རྒྱུའི་ཐག་བཅད།

རིག་འཛིན་ཕན་ཐོགས་ཀྱིས་གྲོང་ཚོའི་དུད་ཚང་དབུལ་པོ་གཅིག་རང་ཉིད་ཀྱི་སྒོ་རྩིས་ཚོང་ཁང་དུ་ལས་ཀ་བྱེད་པར་གདན་ཞུ་བྱས། 2018ལོ་དང་2019ལོའི་བོད་ཀྱི་ལོ་གསར་སྐབས་ཁོང་གིས་རང་འགུལ་ངང་ཆ་སྒྲིག་རོགས་སྐྱོར་དུད་ཚང་དབུལ་པོ་གཉིས་ལ་འཚམས་འདྲིའི་དངོས་པོ་བསྐྱལ་བ་དང་རང་ཉིད་ཕྱུག་པོ་ཆགས་རྗེས་ཡུལ་མི་ཚོ་མི་བརྗེད་པའི་དམ་བཅའ་ཁ་བཤད་ལག་བསྟར་བྱས་པ་རེད།

རིག་འཛིན་ཕན་ཐོགས་ཀྱིས“ང་རང་སློབ་གྲྭར་དེ་ཙམ་བསྐྱོད་མྱོང་མེད་ཀྱང་། དབུལ་སྒྲོལ་བྱེད་པར་སྒུག་བརྟེན་སློང་གསུམ་བྱས་ན་འགྲིག་ཐབས་མེད། མི་ཞིག་ལ་སྙིང་སྟོབས་ལྡན་ཚེ་དཀའ་ལས་ཇི་འདྲ་འཕྲད་ཀྱང་ཁྱད་བསད་བྱེད་ཐུབ་ངེས་རེད”ཅེས་བཤད།

(བསོད་བདེ་གཞོན་པས་བསྒྱུར། བསྟན་བློས་ཞུས)