《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月21日

ཏོག་གསར་གློ་ཚད་ལ་ཁ་གཏད་བཅག་སྟེ་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱེད་པ་དང་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་རྒྱུན་འཁྱོངས་ཡོང་བ་བྱེད་རྒྱུའི་སྐོར་གྱི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས《ཏོག་གསར་གློ་ཚད་ལ་ཁ་གཏད་བཅག་སྟེ་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱེད་པ་དང་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་རྒྱུན་འཁྱོངས་ཡོང་བ་བྱེད་རྒྱུའི་སྐོར་གྱི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ》བཀྲམ་པ་དང་སྦྲགས། བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་རྒྱུའི་བླང་བྱ་བཏོན་པ་རེད།

《སྲིད་ཇུས་བྱ་ཐབས》ནང་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་། བོད་དུ་བཅའ་སྡོད་ཀྲུང་དབྱང་ཁེ་ལས་དང་། གཞུང་ཁོངས་ཁེ་ལས། དམངས་གཉེར་ཁེ་ལས་སོགས་རིགས་ཁག་གི་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པར་རིགས་དབྱེའི་མཛུབ་ཁྲིད་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་། ནུས་རྒྱུ་མཁོ་འདོན། འགྲིམ་འགྲུལ་ཟོག་འགྲེམས། གྲོང་ཁྱེར་འཁོར་སྐྱོད། སྨན་སྤྱོད་དངོས་རྫས། འཚོ་བའི་མཁོ་ཆས་བཅས་དང་དེ་བཞིན་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་ཁེ་ལས་དང་གཙོ་གནད་ལས་གྲྭའི་རྣམ་གྲངས་ཀྱིས་མགྱོགས་མྱུར་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་རྒྱུར་གཙོ་གནད་ཐོག་འགན་ལེན་བྱེད་དགོས་པ་དང་། རིམ་ཁག་སྲིད་གཞུང་གིས་ཆེད་མི་མངགས་ནས་ཁེ་ལས་ལ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་གྲ་སྒྲིག་ལས་དོན་ལེགས་སྒྲུབ་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྔོན་འགྲོའི་ཆ་རྐྱེན་འོག་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད།

ས་ཁུལ་དང་གྲོང་ཁྱེར་ཁག་གིས་ཁོངས་གཏོགས་ས་ཆའི་འགན་འཁྲི་ལག་བསྟར་ཡག་པོ་བྱེད་པ་དང་། སྡེ་ཚན་ཁག་དང་ཚན་པ་ཁག་གིས་ལས་རིགས་ཀྱི་མཛུབ་ཁྲིད་དོ་དམ་གྱི་འགན་འཁྲི་ཡག་པོ་སྒྲུབ་པ། ཁེ་ལས་ཁག་གིས་བྱེད་པོའི་འགན་འཁྲི་ཡག་པོ་སྒྲུབ་པ། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་འགན་ལེན་ཇུས་གཞི་ཞིབ་ཚགས་སུ་གཏོང་བ། མི་རྒྱུན་ཟོག་འགྲེམས་ཀྱི་འགག་གནད་སེལ་བ། འཕྲལ་སྡོམ་དངོས་ཟོག་ཐོན་སྐྱེད་མཁོ་སྤྲོད་དང་དགོས་མཁོའི་ཉོ་སྒྲུབ་སྦྲེལ་མཐུད་ཀྱི་ལས་སྟེགས་བསྐྲུན་པ། ཁེ་ལས་ཀྱིས་ལས་བཟོ་དང་ལྷག་པར་དུ་ཆེད་ལས་ལག་རྩལ་མི་སྣ་ལས་གནས་སུ་ཕྱིར་ལོག་དང་། མ་བཅོས་རྒྱུ་ཆ་མཁོ་འདོན། དངོས་ཟོག་སྐྱེལ་འདྲེན་བཅས་དང་། དེ་བཞིན་ཁ་རས་དང་། འགོག་སྲུང་གྱོན་གོས། དུག་སེལ་ཡོ་ཆས། ཚ་བ་ལྟ་ཆས་སོགས་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་ཉོ་སྒྲུབ་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་མཐུན་སྦྱོར་དང་ཐག་གཅོད་བྱེད་རོགས་བྱེད་དགོས། ཁེ་ལས་ཀྱིས་ལས་བཟོ་བའི་བདེ་ཐང་འགན་སྲུང་ལེགས་པོ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ལོགས་སུ་འཇོག་རྒྱུ་བསྐྱར་ཟློས་མི་ཡོང་བའི་འབད་བརྩོན་བྱ་དགོས། བདེ་འཇགས་ཐོན་སྐྱེད་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བདེ་བླག་ཡོང་བའི་འགན་ལེན་བྱེད་དགོས།

《སྲིད་ཇུས་བྱ་ཐབས》ནང་ལས་ཞུགས་ཀྱི་དམིགས་བསལ་སྲིད་ཇུས་མུ་མཐུད་ལག་བསྟར་ཡག་པོ་བྱེད་པ་དང་། ཁེ་ལས་ཁག་གི་ལས་མི་བཀོལ་སྤྱོད་ཀྱི་དགོས་མཁོ་གནད་སྨིན་ཁོང་དུ་ཆུད་པ་བྱེད་པ། ཁེ་ལས་དང་ལས་མི་བཀོལ་སྤྱོད་ཀྱི་སྦྲེལ་མཐུད་ཞབས་ཞུར་ཤུགས་སྣོན་རྒྱག་པ། ས་གནས་དང་གྲོང་ཁྱེར་དེ་གའི་ངལ་རྩོལ་ནུས་ཤུགས་ཀྱི་མི་གྲངས་དང་། རྩལ་ནུས་གྲུབ་ཆ།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) ལས་ཀའི་དུས་ཚོད་སོགས་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་དང་ཁོང་དུ་ཆུད་པ་བྱེད་པ། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་ཞིང་འབྲོག་པའི་ངལ་ནུས་ཕྱིར་གཏོང་རྩ་འཛུགས་དང་ལས་མིའི་མཉམ་འབྲེལ་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཞིང་འབྲོག་མང་ཚོགས་དང་ལྷག་པར་དུ་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོའི་ལས་ཞུགས་འབབ་འཕར་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྲིད་གཞུང་གི་མ་འཇོག་རྣམ་གྲངས་ཀྱིས་ཆ་རྐྱེན་བསྐྲུན་ནས་ས་གནས་དེ་གའི་ཞིང་འབྲོག་ལས་མི་བསྡུ་ལེན་གང་ལེགས་བྱེད་དགོས་པ་དང་། སྤྱིར་བཏང་ལས་མི་བཀོལ་སྤྱོད་བྱེད་པར་ས་གནས་དེ་གའི་ཞིང་འབྲོག་པས་འགན་གཙང་ལེན་རྒྱུར་ལྕག་སྐུལ་དང་རྒྱབ་སྐྱོར་བྱེད་དགོས་པ། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ལག་རྩལ་བཟོ་པར་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། སྲིད་གཞུང་གིས་མ་འཇོག་སྒོར་ཁྲི་400མན་བྱས་པའི་རྣམ་གྲངས་ལ་ས་ཁུལ་དང་གྲོང་ཁྱེར་ཁག་གིས་སྔོན་ལ་ཞབས་འདེགས་ཞུས་ནས་ཆ་རྐྱེན་བསྐྲུན་ཏེ། འོས་ཐོབ་ལྡན་པའི་ཞིང་འབྲོག་པའི་ཨར་ལས་ཁེ་ལས(རུ་ཁག)རྣམ་གྲངས་ཀྱི་འོས་འགུགས་འོས་དཔོད་ནང་ཧུར་ཐག་ཞུགས་སུ་བཅུག་ནས་ས་གནས་དེ་གའི་ཞིང་འབྲོག་ལས་མི་བསྡུ་ཚད་མི་སྤྱོད་བསྡོམས་འབོར་གྱི་80%ཡན་ཟིན་པའི་བརྩོན་ལེན་བྱས་ཏེ། རིམས་ནད་ཐོན་རིང་ཁེ་ལས་ཀྱི་ལས་མི་སྤྱོད་པའི་དགོས་མཁོ་ཐག་གཅོད་ཀྱིས་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱི་ལས་ཤོར་འགན་བཅོལ་གྱི་ལས་གནས་བརྟན་གཏོང་དང་ཕྱིར་སློག་སྲིད་ཇུས་ཀྱི་ལས་མི་ཉུང་འཕྲི་བྱེད་ཚད་ཀྱི་ཚད་གཞི་དེ་ལོ་འཁོར་གོང་མའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད་ཀྱི་ཚོད་འཛིན་དམིགས་ཚད་ནང་ཚུན་དུ་ལྷུག་ཏུ་གཏོང་བ་དང་། འགན་བཅོལ་ནང་ཞུགས་པའི་ལས་བཟོ་30(ཚུད)མན་གྱི་ཁེ་ལས་དང་ལས་མི་ཉུང་འཕྲི་བྱེད་ཚད་ཁེ་ལས་ཀྱི་ལས་བཟོའི་བསྡོམས་འབོར་གྱི་20%ལས་མི་བརྒལ་བའི་བར་ལྷུག་ཏུ་གཏོང་བ། ཁེ་ལས་ཀྱིས་ལས་བཟོ་དང་གྲོས་མོལ་བྱས་ནས་གླ་ཕོགས་ལེགས་སྒྲིག་དང་། ལས་གནས་བརྗེ་རེས། ངལ་གསོ་རྒྱག་རེས། ལས་ཡུན་ཐུང་དུ་གཏོང་བ། ལས་གནས་སྒུག་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ་ལས་གནས་བརྟན་པོ་ཡོང་བར་སྐུལ་ལྕག་བྱེད་པ། ལས་མི་ཉུང་འཕྲི་མི་བྱེད་པའམ་ཡང་ན་ལས་མི་ཉུང་ཙམ་འཕྲི་བའི་འགན་བཅོལ་ནང་ཞུགས་པའི་ཁེ་ལས་ལ་ལོ་འཁོར་གོང་མར་དངོས་སུ་འཇལ་སྤྲོད་བྱས་པའི་ལས་ཤོར་འགན་བཅོལ་གྲོན་དངུལ་གྱི་60%ཕྱིར་སློག་བྱེད་ཆོག་པ། གནས་སྐབས་རིང་ཐོན་སྐྱེད་གཉེར་སྐྱོང་ལ་དཀའ་ངལ་ཡོད་རུང་སླར་གསོ་ཐུབ་རེ་ཡོད་པའི་ཁེ་ལས་ལ་ཟླ་བ་དྲུག་རིང་གི་རང་ལྗོངས་ཀྱི་ཟླ་རེར་མི་རེའི་ཆ་སྙོམས་ལས་ཤོར་འགན་བཅོལ་དངུལ་དང་འགན་བཅོལ་ནང་ཞུགས་པའི་ལས་བཟོའི་མི་གྲངས་གཞིར་བཟུང་ཁ་གསབ་སྤྲོད་པ། རིམས་ནད་རིང་ལོགས་སུ་བཞག་པ་དང་ལྟ་ཞིབ་སོགས་ཀྱི་དབང་གིས་རྒྱུན་གཏན་ལྟར་ལས་ཀར་ཞུགས་མི་ཐུབ་པའི་རིགས་ལ་ཁེ་ལས་ཀྱིས་ངལ་རྩོལ་གན་རྒྱ་རང་དགར་རྩིས་མེད་དུ་གཏོང་བའམ་ཡང་ན་ཕྱིར་འཐེན་བྱེད་མི་ཆོག་པ་བཅས་བྱ་རྒྱུ་རེད།

ཁེ་ལས་འབྲིང་ཆུང་གིས་ལས་ཤོར་ཐོ་འགོད་བྱས་ནས་ལོ་ཕྱེད་ཡན་སོང་བའི་མི་སྣ་དང་དེ་བཞིན་ས་གནས་དེ་གའི་ཞིང་འབྲོག་པ་ལས་མི་བསྡུས་ནས་ལས་ཞུགས་ཐུབ་པ་མ་ཟད། ལོ་གཅིག་ཡན་གྱི་ངལ་རྩོལ་གན་རྒྱ་བཞག་པ་དང་འབྲེལ་གཏན་འབེབས་གཞིར་བཟུང་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འཇལ་སྤྲོད་བྱས་རིགས་ལ་མི་རེར་སྤྲོད་ཐེངས་གཅིག་གི་ལས་ཞུགས་ཁ་གསབ་སྒོར་1000སྤྲོད་རྒྱུ་དང་། ཆ་རྐྱེན་དང་མཐུན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་དགོས་མཁོ་ཆེ་བའི་དངོས་ཟོག་མཁོ་འདོན་བྱེད་མཁན་ཐོན་སྐྱེད་ཁེ་ལས་དང་། དམངས་འཚོ་འགན་ལེན་བྱེད་མཁན་ཚོང་དོན་ཟོག་འགྲེམས་ཁེ་ལས་ལ་ཐེངས་གཅིག་རང་བཞིན་གྱི་ལས་ཞུགས་བརྟན་པོའི་བྱ་དགའ་དང་ཁ་གསབ་སྤྲོད་རྒྱུ། བྱ་དགའ་དང་ཁ་གསབ་ཀྱི་ཚད་གཞི་དེ་རང་ལྗོངས་ཀྱི་དཀའ་ངལ་ཡོད་པའི་ཁེ་ལས་ཀྱི་ལས་ཤོར་འགན་བཅོལ་ཕྱིར་སློག་ཚད་གཞི་གཞིར་བཟུང་ཟླ་བ་དྲུག་གི་ས་གནས་དེ་གའི་ཟླ་རེའི་མི་རེའི་ཆ་སྙོམས་ལས་ཤོར་འགན་བཅོལ་དངུལ་དང་འགན་བཅོལ་ནང་ཞུགས་མཁན་ལས་བཟོའི་མི་གྲངས་གཞིར་བཟུང་གཏན་འཁེལ་བྱ་རྒྱུ་རེད།

མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་དགོས། མཐོ་སློབ་སློབ་ཐོན་སློབ་མའི་སྲིད་གཞུང་གི་ལས་ཞུགས་དང་ཁྲོམ་རའི་ལས་ཞུགས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཇུས་འགོད་དང་སྒྲིག་འཛུགས་ལས་དོན་སྔོན་ཚུད་ནས་གཏིང་ཟབ་དང་ཞིབ་ཚགས་སྒྲུབ་དགོས།

དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་སྔར་བས་དགེ་མཚན་ལྡན་པ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བཏོན་ཟིན་པའི་ནོར་སྲིད་སྐྱེད་གསབ་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་ཁེ་ལས་ལ་གང་མགྱོགས་དོན་འཁྱོལ་བྱེད་དགོས། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་དཀའ་གནད་ལས་སྒྲོལ་རོགས་བྱེད་དགོས།

《སྲིད་ཇུས་བྱ་ཐབས》ནང་། 2020ལོའི་ཟླ་2པ་ནས་བཟུང་། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་དང་། ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ་བཅས་ཚན་པས་གྲོན་དངུལ་འཇལ་དགོས་པའི་ཆ་ཤས་རྩ་ཆག་གཏོང་རྒྱུ་དང་། རྩ་ཆག་གཏོང་བའི་དུས་བཀག་ཟླ་5ལས་བརྒལ་མི་ཆོག ཁེ་ལས་ཆེ་གྲས་སོགས་འགན་བཅོལ་ནང་ཞུགས་པའི་ཚན་པ་གཞན་དག(ལས་ཁུངས་དང་བྱ་གཞག་ཚན་པ་ཚུད་མེད)ཁེ་ལས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་དང་། ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ་བཅས་ཚན་པས་གྲོན་དངུལ་འཇལ་དགོས་པའི་ཆ་ཤས་ཕྱེད་ཀ་ཆག་ཡང་བཏང་ནས་བསྡུ་ཆོག་པ་དང་། ཆག་ཡང་བཏང་བའི་དུས་བཀག་ཟླ་བ་གསུམ་ལས་བརྒལ་མི་ཆོག རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་ཐོན་སྐྱེད་གཉེར་སྐྱོང་ཐད་དཀའ་ངལ་ཚབས་ཆེན་འཕྲད་པའི་ཁེ་ལས་ཀྱིས་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འགྱངས་འཇལ་བྱ་རྒྱུའི་རེ་ཞུ་བྱེད་ཆོག་པ་དང་། འགྱངས་འཇལ་གྱི་དུས་བཀག་རྩ་དོན་ཐོག་ཟླ་བ་དྲུག་ལས་བརྒལ་མི་ཆོག་པ་དང་། འགྱངས་འཇལ་བྱེད་རིང་དུས་འགྱངས་ཆད་དངུལ་བསྡུ་རྒྱུ་མིན་ཞེས་བཏོན་ཡོད།

རིམས་ནད་ཐོན་རིང་ཟླ་གཅིག་གི་ཁང་གླ་མི་ལེན་པ་དང་། རྗེས་སུ་ཟླ་རེར་ཁང་གླ་ཕྱེད་ཀ་གཅོག་རྒྱུ་དང་གཉེར་སྐྱོང་གི་ཁང་པ་གཞན་དག་གཡར་མཁན་ལ་ཁང་བདག་གིས་བོགས་ལེན་དུད་ཚང་ལ་ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་བའམ་ཡང་ན་དུས་འགྱངས་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་དང་། ཞིབ་ཕྲའི་གནས་ཚུལ་ཕྱོགས་གཉིས་པོས་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་དགོས། གཉེར་སྐྱོང་ནང་ཧུར་ཐག་ཞུགས་ཀྱང་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་གྱོང་གུན་ཕོག་པའི་བདལ་གཏོང་རླངས་འཁོར་ལ་ཟླ་2པའི་འགན་གཙང་གྲོན་དངུལ་རྩ་ཆག་གཏོང་རྒྱུ་དང་། ཟླ་3པ་ནས་རིམས་ནད་མཇུག་འགྲིལ་བའི་བར་འགན་གཙང་གྲོན་དངུལ་ཕྱེད་ཀ་ཆག་ཡང་གཏོང་རྒྱུ་རེད།

རང་སྐྱོང་ལྗོངས་ཀྱིས་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་བརྡ་ལན་རིམ་པ་དང་པོ་ཁྱབ་བསྒྲགས་མ་བྱས་གོང་བར་སྔར་བཞིན་ཐོན་སྐྱེད་གཉེར་སྐྱོང་བྱས་ཀྱང་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་གནས་སྐབས་རང་བཞིན་གྱི་ཐོན་སྐྱེད་གཉེར་སྐྱོང་ལ་དཀའ་ངལ་འཕྲད་པའི་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས(སྒེར་གཉེར་ཚོང་དུད་ཚུད་པ)ཀྱིས་ཆུ་རིན་དང་། གློག་རིན། སོལ་རླངས་རིན་པ་བཅས་དུས་འགྱངས་འཇལ་སྤྲོད་བྱེད་ཆོག་པ་དང་རིང་ཤོས་ལ་ཟླ་3ལས་བརྒལ་མི་ཆོག གྲོན་དངུལ་སྤྲོད་ཡུན་ནར་འགྱངས་བྱས་ནས་ཐོན་པའི་དུས་འགྱངས་དངུལ་ཆད་དང་ཁ་ཆད་ལས་འགལ་བའི་དངུལ་ཆད་རྩ་ཆག་གཏོང་རྒྱུ་དང་། སྔོན་འགོག་ཚོད་འཛིན་བྱེད་རིང་གྲོང་མི་དང་། གལ་ཆེའི་གློག་ཤུགས་དང་། སོལ་རླངས། རང་འབབ་ཆུ་ཀ་ལ་བཅས་སྤྱོད་མཁན་ལ་གྲོན་དངུལ་ཆད་ཀྱང་མཁོ་སྤྲོད་མི་ཆད་པའི་འཕྲལ་སྡོམ་འགན་སྲུང་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་དགོས། རིམས་ནད་ཀྱིས་རྐྱེན་པས་ཁེ་ལས་ལས་མཚམས་བཞག་རིང་གི་བཙོག་ཆུ་གཙང་སེལ་གྱི་གྲོན་དངུལ་དང་། གད་སྙིགས་གཙང་སེལ་གྱི་གྲོན་དངུལ། དམིགས་བསལ་སྒྲིག་ཆས་ཀྱི་ཞིབ་དཔྱད་ཚད་ལེན་གྲོན་དངུལ་བཅས་ཆག་ཡང་དང་རྩ་ཆག་གཏོང་དགོས།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི“དམངས་འཚོའི་རྣམ་གྲངས་ཆེ་གྲས་གསུམ”དང་། ལྷ་ས་ནས་གཞིས་རྩེ་བར་གྱི་གནམ་ཐང་གི་རིམ་མཐོའི་གཞུང་ལམ། ནག་ཆུ་ནས་ལྷ་ས་བར་གྱི་རིམ་མཐོའི་གཞུང་ལམ། ལྷ་ཉིང་ལྕགས་ལམ། རང་སྐྱོང་ལྗོངས་རྟེན་རྫས་བཤམས་མཛོད་ཁང་སྒྱུར་བཀོད་རྒྱས་སྐྲུན་ལས་གྲྭ རང་སྐྱོང་ལྗོངས་མཛེས་རྩལ་ཁང་། རིག་གནས་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས། ལྷ་ས་གོང་དཀར་གནམ་ཐང་གི་གནམ་ཐང་བབས་ཚུགས་ཁུལ་སྒྱུར་བཀོད་རྒྱས་སྐྲུན་ལས་གྲྭ“3+1”གནམ་ཐང་། མངའ་རིས་དང་བོད་དབུས་གློག་དྲ་འབྲེལ་མཐུད་ལས་གྲྭ གོར་མོ་ནས་ལྷ་ས་བར་གྱི་སྣུམ་འདྲེན་མདོང་ལམ་སོགས་གཙོ་གནད་རྣམ་གྲངས་ཀྱི་ལས་ཡུན་ལྡོག་སྒྲིག་དང་། འགན་འཁྲི་ནན་དུ་གཏོང་བ། བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དུས་བཀག་བཞིན་བསྐྲུན་ཟིན་པའི་འགན་ལེན་བྱེད་དགོས། ཕྱོགས་བསྡུས་འགྲིམ་འགྲུལ་དང་། ཆུ་བེད་དང་ནུས་རྒྱུ་གལ་ཆེན། གཙོ་གནད་ཐོན་ལས། དམངས་འཚོ་གལ་ཆེན་སོགས་ཁྱབ་ཁོངས་ཀྱི་ལས་གྲྭ་དང་རྣམ་གྲངས་གང་མགྱོགས་ལས་འགོ་བསྐྱར་དུ་བཙུགས་ནས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་སྟེ་སྐྲུན་བཞིན་པའི་རྣམ་གྲངས་ཀྱི་འཕེལ་རིམ་ལ་སྐྱོན་མི་ཕོག་པ་དང་གསར་དུ་ལས་འགོ་འཛུགས་རྒྱུའི་རྣམ་གྲངས་དུས་བཀག་ལྟར་ལས་འགོ་འཛུགས་ཐུབ་པའི་འགན་ལེན་བྱེད་དགོས།

《སྲིད་ཇུས་བྱ་ཐབས》ནང་ནན་བཤད་བྱས་དོན། དཔྱིད་དུས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ཏེ་ནས་ཐོན་འཕར་དང་འབྲི་གཡག་བཤས་གཏོང་བའི་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། དཔྱིད་རྨོད་དཔྱིད་གྲབས་དང་ཐོན་སྐྱེད་བཀོད་སྒྲིག་ཡག་པོ་བྱས་ཏེ་དགུན་སྒྲོལ་ལོ་ཏོག་གི་ཞིང་ནང་གཡོག་བྱེད་ལ་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་རྒྱུ་ཆ་ཐོན་སྐྱེད་དང་མཁོ་སྤྲོད་ཡག་པོ་བྱེད་དགོས། “ཤ་ཚལ་སྒོང་གསུམ”གྱི་ཧྲི་ཀྲང་གི་འགན་འཁྲིའི་ལམ་ལུགས་ཤུགས་སྣོན་བརྒྱབ་ནས་སྒྲིག་བཀོད་སྔོ་ཚལ་ཐོན་སྐྱེད་བརྟན་པོ་ཡོང་བར་བྱེད་པ། སྔོ་ཚལ་ཁྲོམ་རའི་མཁོ་སྤྲོད་བརྟན་པོ་ཡོང་བར་འགན་ལེན་བཅས་བྱེད་དགོས། རྩམ་པ་དང་། མར། ཤ། སྒོ་ང་། འོ་མ་སོགས་ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་ལེན་བྱ་རྒྱུར་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས། ཨ་ཧྥེ་རི་ཁའི་ཕག་ནད་དང་། འགོས་ཤུགས་ཆེ་བའི་བྱ་རིགས་ཆམ་རིམས་སོགས་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས།

སྐྱེ་དངོས་སྨན་རྫས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱེད་དགོས། རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་ཚོད་ལྟ་བྱེད་འགོ་འཛུགས་པ་དང་། སྲིད་གཞུང་གི་གྲངས་གཞི་དང་སྤྱི་ཚོགས་ཀྱི་གྲངས་གཞི་མཉམ་འདྲེས་མཉམ་སྤྱོད་དང་མཉམ་འགུལ་བཀོལ་སྤྱོད་བྱེད་པར་སྐུལ་ལྕག་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་འབྲེལ་བ་ཡོད་པའི་རྒྱང་བསྟེན་སྨན་བཅོས་ལྷན་འཛོམས་ནད་དཔྱད་ཞབས་ཞུ་སོགས་ལས་རྣམ་གསར་པ་འཕེལ་རྒྱས་གང་མགྱོགས་གཏོང་བ་དང་། 5Gདང་མི་ཐབས་རིག་ནུས་སོགས་ལག་རྩལ་གསར་པ་དང་ཐོན་ལས་གསར་པ་བཀོལ་སྤྱོད་བྱེད་སྟངས་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱེད་དགོས། འཁོར་རྒྱུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། གྲང་ཕྲེང་ཟོག་འགྲེམས་དང་རིག་ལྡན་ཟོག་འགྲེམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དྲ་ཐོག་ཉོ་སྒྲུབ་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་ཆེ་རུ་གཏོང་བ་བཅས་བྱེད་དགོས།

རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་བཟའ་བཏུང་དང་། ཞག་སྡོད། སིལ་ཚོང་སོགས་ལས་རིགས་སླར་གསོ་གཉེར་སྐྱོང་དང་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱ་ཐབས་གཏན་འབེབས་བྱས་ཏེ། འཚོ་བའི་ཞབས་ཞུའི་ཁེ་ལས་ཀྱིས་དྲ་ཐོག་ཉོ་ཚོང་དང་དྲ་ཕྱིའི་ཞབས་ཞུ་ཟུང་འབྲེལ་ཡོང་བར་སྐུལ་འདེད་གཏོང་བ་དང་། དྲ་ཐོག་ཚོང་དོན་ཁེ་ལས་དང་སྡེ་ཁུལ་ཚོང་ལས་དྲ་བའི་ཚོང་ཁང་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ནོར་སྲིད་རང་བཞིན་གྱི་མ་དངུལ་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་དངོས་ཟོག་ཉོ་སྒྲུབ་དང་། ལས་གྲྭ་དང་ཞབས་ཞུའི་ལས་རིགས་གཉེར་སྐབས་ད་ཐེངས་ཀྱི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་སྡོམ་བརྡ་ལན་ཞུ་རིང་། “དམིགས་བསལ་གྱི་དོན་དག་དམིགས་བསལ་སྒྲུབ”པའི་རྩ་དོན་གཞིར་བཟུང་ཉོ་སྒྲུབ་བྱེད་སྟངས་དང་གོ་རིམ་སྟབས་བདེ་རུ་གཏོང་དགོས། རིམས་ནད་ཀྱི་སྐྱོབ་བཅོས་འཕྲལ་སྡོམ་དངོས་ཟོག་དང་། སྨན་པ་དང་ནད་པ། དེ་བཞིན་གནས་གཏན་འཁེལ་གྱི་སྨན་ཁང་གི་བརྒྱུད་སྐྱེལ་མི་སྣ་སོགས་སྐྱེལ་འདྲེན་བྱེད་པར་གཏན་འཁེལ་བྱས་པའི་རླངས་འཁོར་རིགས་ཁ་མི་འགོག་པ་དང་། ཞིབ་བཤེར་མི་བྱེད་པར་སྔོན་ལ་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། མཁོ་སྤྲོད་འགན་ལེན་དང་ཁྲོམ་ར་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་སྒྲུབ་དགོས། འཚོ་བའི་མཁོ་ཆས་ཐོན་སྐྱེད་དང་མཁོ་སྤྲོད་མཐུན་སྦྱོར་ཞབས་ཞུའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྡེབ་ཚོང་ཁྲོམ་ར་ཆེ་གྲས་དང་མུ་འབྲེལ་སྒོ་རྩིས་ཚོང་ཁང་ཆེ་གྲས་སོགས་འཁོར་རྒྱུག་ཁེ་ལས་གཙོ་བོར་སྤྱི་འདོམས་བྱེད་པ་དང་སྲིད་གཞུང་གི་གྲབས་གསོག་དང་ཟོག་ཁུངས་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་གཏོང་དགོས།

《སྲིད་ཇུས་བྱ་ཐབས》ཀྱི་མཇུག་ཏུ་བསྟན་དོན། སྲིད་ཇུས་བྱ་ཐབས་འདིའི་ནང་རྒྱལ་ཁབ་བམ་ཡང་ན་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་ལག་བསྟར་དུས་བཀག་ཁ་གསལ་བཟོས་ཡོད་ཚེ་གཏན་འབེབས་དེ་གཞིར་བཟུང་བྱེད་དགོས་པ་དང་། དུས་བཀག་གི་བླང་བྱ་ཁ་གསལ་བཟོས་མེད་ཚེ་སྲིད་ཇུས་བྱ་ཐབས་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་2020ལོའི་ཟླ་12ཚེས་31ཉིན་བར་ལག་བསྟར་བྱ་རྒྱུ་ཡིན་པ་རེད།