《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月21日

ཆབ་མདོས་དྲ་ཐོག་ལས་ཞུགས་ལས་སྟེགས་བཙུགས་ཏེ།

དྲ་ཐོག་ནས་ལས་མི་བསྡུས་ནས་ལས་ཞུགས་བརྟན་པོ་ཡོང་བར་བྱེད་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་ཞུགས་ལས་གཏོད་ཀྱི་ལས་དོན་སྤྱི་འདོམས་ངང་ཡག་པོ་སྒྲུབ་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་བྱེད་ཐབས་མཉམ་དུ་སྤྱད་དེ་དྲ་ཐོག་ནས་ལས་སྒོ་སྒྲུབ་པ་དང་ལས་མི་བསྡུ་རྒྱུ་ཁྱབ་གདལ་བཏང་བ་བརྒྱུད། ལས་ཞུགས་ལས་གནས་གསར་སྤེལ་བྱེད་པ་དང་ལས་གནས་བརྟན་པོ་ཡོང་བའི་ཞབས་འདེགས་ཞུ་བ་སོགས་ཀྱི་ཐོག་ནས་རྒྱ་ཆེའི་ལས་ཀ་འཚོལ་མཁན་ཚོ་བློ་བདེ་པོ་ཡོང་བར་བྱས་ཡོད།

ཉིན་ལྟར་སྔ་དྲོ། ཆབ་མདོ་གྲོང་ཁྱེར་ལས་ཞུགས་ལས་གཏོད་ཞབས་ཞུའི་ལྟེ་གནས་ཀྱི་ལས་དོན་པ་དབྱང་ཅིན་ཁྲོན་གྱི་ལས་ཀ་དང་པོ་ནི་ལས་ཞུགས་དབུལ་སྐྱོར་གྱི་ཐད་གཏོང་རླངས་འཁོར་སོགས་དྲ་ཐོག་ནས་ལས་ཀ་འཚོལ་བའི་ལས་སྟེགས་ཁ་ཕྱེ་སྟེ། ཁ་ཉིན་གྱི་ལས་ཀ་འཚོལ་བའི་ཆ་འཕྲིན་བསྡུ་རུབ་བྱས་རྗེས་འབྲེལ་ཡོད་ཁེ་ལས་ཚན་པ་དང་ལས་གནས་མཁོ་སྤྲོད་ལས་དོན་སྐོར་ལ་མཐུན་སྦྱོར་དང་འབྲེལ་མཐུད་བྱེད་རྒྱུ་དེ་རེད།

དབྱང་ཅིན་ཁྲོན་གྱིས་ངོ་སྤྲོད་བྱས་དོན། རིམས་ནད་སྔོན་འགོག་ཚོད་འཛིན་རིང་གི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ཡག་པོ་སྒྲུབ་ཆེད། ཆབ་མདོ་གྲོང་ཁྱེར་ལས་ཞུགས་ལས་གཏོད་ཞབས་ཞུའི་ལྟེ་གནས་ཀྱིས་དྲ་ཐོག་ནས་ལས་མི་བསྡུ་བའི་བྱེད་ཐབས་ཁྱབ་གདལ་ཧུར་ཐག་བཏང་སྟེ། བརྙན་འཕྲིན་སྨྱན་སྦྱོར་དང་སྐད་འཕྲིན་ལས་སྟེགས་སོགས་སྤྱད་ནས་བོད་ཀྱི་སྤྱི་པའི་ལས་མི་བསྡུ་བའི་དྲ་བ་དང་ལས་ཞུགས་དབུལ་སྐྱོར་གྱི་ཐད་གཏོང་རླངས་འཁོར་སོགས་དྲ་ཐོག་ནས་ལས་མི་བསྡུ་བའི་ལས་སྟེགས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་འབྲེལ། ལས་ཀ་འཚོལ་བའི་ཆ་འཕྲིན་བསྡུ་རུབ་གང་མང་བྱས་ནས་ཆ་འཕྲིན་ཅན་གྱི་ངལ་ནུས་མཁོ་སྤྲོད་ལས་སྟེགས་བསྐྲུན་ཡོད། མིག་སྔའི་བར། ལྟེ་གནས་ཀྱི་དྲ་བའི་ལས་སྟེགས་ཐོག་ལས་ཀ་འཚོལ་བའི་ཆ་འཕྲིན་ཁྱོན་བསྡོམས་500ཙམ་འབྱོར་ཡོད།

དབྱང་ཅིན་ཁྲོན་གྱིས“དེ་དང་ཆབས་ཅིག་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་གང་ལེགས་ཐུབ་པའི་འགན་ལེན་བྱ་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་ལྗོངས་ནང་ཁུལ་གྱི་ཁེ་ལས་དང་། ལྗོངས་ཕྱིའི་ཁེ་ལས་དང་བྱ་གཞག་ཚན་པ། གཞི་རིམ་ལས་ཞུགས། ལས་ཞུགས་དངོས་སྦྱོང་། སྤྱི་ཕན་རང་བཞིན་གྱི་ལས་གནས་སོགས་ཀྱི་བྱེད་ཐབས་བརྒྱུད། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གནས་གསར་སྤེལ་ཧུར་ཐག་བྱས་ཡོད། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ལས་གནས་སྣ་ཚོགས་7900གསར་སྤེལ་བྱ་རྒྱུ་རེད”ཅེས་བརྗོད།

2019ལོར་ཧུའུ་པེ་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གྲྭ་ནས་ཐོན་པའི་པད་མ་རིག་འཛིན་གྱིས“ཉེ་ཆར་དྲ་ཐོག་ནས་ལས་མི་བསྡུས་པ་བརྒྱུད་རང་ཉིད་ལ་བློ་ལ་བབས་པའི་ལས་ཀ་ཞིག་རག་བྱུང་། དྲ་ཐོག་ནས་ལས་མི་བསྡུས་ན་སྟབས་བདེ་ལ་ལས་ཆོད་ཀྱང་ཆེན་པོ་འདུག”ཅེས་བཤད།

(པད་ཆོས་ཀྱིས་བསྒྱུར། ཉི་དོན་དང་པད་ཆོས་ཀྱིས་ཞུས)