《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月21日

དུད་ཚང་དབུལ་པོ་གཅིག་ཀྱང་མ་ལུས་པ་བྱས་པ།

—— མཛོ་སྒང་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ལྟ་ཞིབ་བྱས་པ།

↑ འདི་ནི་མཛོ་སྒང་རྫོང་ཕྱོགས་བཞི་བཀྲ་ཤིས་གྲོང་གསར་གྱི་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་ས་ཚིགས་ཡིན་པ།

བོད་ཤར་ལྷོའི་རི་མཐོ་རོང་ཟབ་ཁུལ་དུ་ཆགས་པའི་མཛོ་སྒང་རྫོང་ནི་ལོ་རྒྱུས་ཐོག་གི་ཚོང་པ་རྣམས་ཇ་རྟའི་ཚོང་ལམ་བརྒྱུད་དེ་བོད་ནས་ཡར་འགྲོ་མར་འགྲོ་བྱེད་དུས་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་ཡིན་པ་དང་། དེ་ཡང་ལྗོངས་ཡོངས་ཀྱི་ཤིན་ཏུ་དབུལ་པོའི་རྫོང་གི་གྲས་ཤིག་ཀྱང་རེད།

རྫོང་ཡོངས་ལ་ཤང(གྲོང་རྡལ)10དང་། གྲོང་ཚོ(གྲོང་ལྷན)128 མི་གྲངས་ཁྲི་5.8ཡོད་པ་དང་། གནད་སྨིན་དབྱེ་འབྱེད་བྱས་པའི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་དུད་ཚང་2681དང་མི་13409 ཤང(གྲོང་རྡལ)10ཡི་ནང་གི་8ཤིན་ཏུ་དབུལ་པོའི་ཁོངས་སུ་གཏོགས་པ། སྲིད་འཛིན་གྲོང་ཚོ་127ནང་གི་84ཤིན་ཏུ་དབུལ་པོའི་ཁོངས་སུ་གཏོགས་པ། དབུལ་ཤོས་ཡིན་པའི་རབ་ཅན་ཤང་རབ་སེར་གྲོང་ཚོ་2015ལོར་དབུལ་པོ་ཆགས་ཚད་87.65%ཟིན་པ་སོགས་དབུལ་སྒྲོལ་གནོན་ཤུགས་རི་བོའི་གཏོས་ལྟར་ལྕི་པོ་ཡོད་པས། ཕྱིར་བཤོལ་བྱེད་ཐབས་བྲལ་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཁྱོན་ཡོངས་ནས་རྒྱག་འགོ་ཚུགས།

“སྤྲང་ཚང”ནས་སྤོས་ཏེ་དབུལ་པོའི་རྩ་བ་དྲུངས་ནས་འབྱིན།

གྲོང་མི་གྲུང་པའི་སྡོད་ཁང་གསར་པ་ཐེམ་ཐོག་གྲོང་རྡལ་སྲིད་གཞུང་གནས་ཡུལ་དུ་ཆགས་པ་དང་། རྒྱལ་ལམ་318ཀྱི་ལམ་རྒྱུད་དུ་ཡོད།

འདི་ལོ་ལོ་69སླེབས་པའི་གྲུང་པ་དེ་སྔོན་ཐེམ་ཐོག་གྲོང་རྡལ་ཡར་གྲོང་གྲོང་ཚོའི་རི་སྐེད་དུ་སྡོད་པ་དང་། འབར་རི་འབུར་རིའི་ས་རྡོའི་ལམ་ཆུང་དེ་ཕྱི་རོལ་དང་འབྲེལ་བ་བྱེད་པའི་ལམ་བུ་ཉག་ཅིག་དེ་རེད། “གངས་བབ་དུས་ཐོག་ཁ་རྡིབ་པ་དང་ཐིགས་པ་རྒྱག་དོགས་ཀྱི་སེམས་ཁྲལ་བྱེད་དགོས་པས། འཚོ་བར་སྟབས་བདེ་ཅི་ཡང་མེད། ད་ཆའི་ཁང་པ་གསར་པར་རྒྱ་ཁྱོན་སྨི་ངོས་གྲུ་150ཡོད་པ་དང་། བོད་བཟོའི་མཛེས་བཟོ་བྱས་པ་དེ་གཙང་ཞིང་གྲལ་སྒྲིག་པ་དང་དཀར་ཆ་དོད་ལ་གུ་ཡངས་བ། ཁྱིམ་སྤྱོད་གློག་ཆས་དང་བོད་བཟོའི་འཛིན་ཆས་སོགས་ཆ་ཚང་པོ་ཡོད་པས། སྣང་བ་ཡང་སྐྱིད་པོ་འདུག”ཅེས་གྲུང་པས་བརྗོད། གྲུང་པ་ནི་མཛོ་སྒང་རྫོང་གི་ཡུལ་གཞན་དུ་གནས་སྤོས་རྒྱ་ཆེའི་མང་ཚོགས་ཁྲོད་ཀྱི་ཚབ་མཚོན་ཙམ་རེད། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) དང་ཐོག་གནས་སྤོ་བྱེད་དུས་གནས་སྤོ་ཇི་ལྟར་བྱེད་དམ། གང་དུ་གནས་སྤོ་བྱེད་དམ། མཛོ་སྒང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་བློ་གྲོས་ལ་ཚོད་བགམ་ཆེན་པོ་འཕྲད།

མཛོ་སྒང་རྫོང་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་དང་ཟུང་འབྲེལ་དང་ཐོན་ལས་འཕེལ་རྒྱས་དང་ཟུང་འབྲེལ་བྱེད་པར་མཐོང་ཆེན་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ལམ་ལམ་རྒྱུད་ཀྱི“ཁུལ་གཅིག་དང་གནད་བཞིའི”ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྤྱི་ཡོངས་གཅིག་སྡུད་བཀོད་པའི་ཇུས་གཞི་ལག་ལེན་བསྟར་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སྨད་ཡུལ་ཤང་བྱེ་ཁུག་གྲོང་ཚོ་དང་། ཐེམ་ཐོག་གྲོང་རྡལ་ཡར་གྲོང་གྲོང་ཚོ། རྫོང་གྲོང་གི“ཕྱོགས་བཞིའི་འཆམ་མཐུན་གྲོང་གསར”(དབུལ་སྐྱོར་གསར་སྤེལ་ཁུལ) བཀྲ་གཡུས་གྲོང་རྡལ་འོག་ཐང་གྲོང་ཚོ། བཀྲ་གཡུས་འབར་བ་གྲོང་ཚོ། བལ་ཐོག་ཤང་བལ་ཐོག་གྲོང་ཚོ་དང་ལུང་གཞི་གྲོང་ཚོ་བཅས་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་ས་ཚིགས་7གཏན་འཁེལ་བྱས་པ་རེད།

འཆར་འགོད་ཐད་མཛོ་སྒང་རྫོང་གིས་ས་གནས་དེ་གའི་འཛུགས་སྐྲུན་ས་ཆ་དཀོན་པ་དང་ས་ཆ་འདེམས་དཀའ་བའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཐོག་སོ་མང་བའི་སྡོད་ཁང་གིས་གཙོ་བོ་བྱེད་པ་དང་། སྒྲོམ་གཞི་བསླངས་བ་གཙོ་བོ་བྱེད་པ་གང་ཞིག མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་25ནང་ཚུན་དུ་ཚོད་འཛིན་བྱས་པ་རེད། འཛུགས་སྐྲུན་ཉམས་འགྱུར་ཐད་སྟོབས་འབར་གྱི་ཡུལ་མིའི་སྡོད་ཁང་སོགས་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྒྱུ་འདུས་པ་དང་ཆབས་ཅིག དེང་རབས་ཀྱི་གཞི་རྒྱུ་ཡང་འདུས་ཡོད། ཆུ་འདོན་དང་། ཆུ་འབུད། གློག་དྲ། ལམ་སྒྲོན། གཞུང་ལམ། སྤྱི་པའི་གསང་སྤྱོད། ཐང་ཆེན་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་གཅིག་གྱུར་བསྐྲུན་ཡོད་པས། གནས་སྤོས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་ནུས་ལྡན་བསྐངས་ཡོད།

སྤོ་ཐུབ་པ་མ་ཟད་ཕྱུག་པོ་ཆགས་ཐུབ་པ་བྱས་པ། མཛོ་སྒང་རྫོང་གིས“ཀ་རྟེན་ཐོན་ལས་ཆེན་པོ་ལྔ”འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཐོན་ལས་དང་མང་ཚོགས་དབུལ་པོའི་ཁེ་ཕན་ཟུང་འབྲེལ་གྱི་ལམ་སྲོལ་བཏོད་དེ། “ཐོན་ལས་གཅིག་ལ་བརྟེན་ནས་མང་ཚོགས་དབུལ་པོ་ཁག་གཅིག་དབུལ་སྒྲོལ”ཐུབ་པའི་འགན་ལེན་བྱས་པ་རེད། 2018ལོའི་ལོ་མཇུག་བར། བྱེ་རྡོ་ལས་སྣོན་དང་། དྭངས་གཙང་ཆུ་ཐོན་སྐྱེད། ཆུ་འཐག་ཁང་། གཟན་ཆག་འདེབས་འཛུགས། ཤིང་ཆའི་ལག་ཤེས་བཟོ་རྩལ་ལས་སྣོན་སོགས་ཐོན་ལས་རྣམ་གྲངས་བསྡོམས་22གཏན་འཁེལ་ཟིན་པའི་ནང་ནས་རྣམ་གྲངས་15སྐྲུན་བཞིན་ཡོད་པ་དེས། ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་646དབུལ་སྒྲོལ་འབབ་འཕར་ཡོང་རྒྱུར་སྣེ་ཁྲིད་ཐུབ་ཡོད།

2018ལོའི་ལོ་མཇུག་བར་དུ་མཛོ་སྒང་རྫོང་གི་བཀོད་སྒྲིག་ས་ཚིགས་5རུ་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོའི་དུད་ཚང་1372དང་མི་6978བཀོད་སྒྲིག་བྱས་ཟིན་པ་དེས་གནས་སྤོས་བྱེད་དགོས་རིགས་མང་ཚོགས་དུད་ཚང་བསྡོམས་འབོར་གྱི་97%ཟིན་ཡོད། ད་ཆ། སྡོད་ཁང་གསར་པར་སྤོས་པའི་མཛོ་སྒང་རྫོང་གི་མང་ཚོགས་དབུལ་པོ་དེ་བས་མང་བ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་ནས། དབུལ་སྒྲོལ་ཕྱུག་འགྱུར་གྱི་ཕུགས་འདུན་གནས་དེ་གར་རྩ་བ་ཚུགས་པ་དང་། ལོ་འདབ་རྒྱས་པ། མེ་ཏོག་བཞད་པ་བཅས་བྱུང་ཡོད།

“ཕྱུག་འགྱུར་ལས་རིགས”དར་སྤེལ་བཏང་ནས་རྨང་གཞི་བརྟན་པོ་བཏིང་བ།

མཛོ་སྒང་གི་ཁྱད་ཆོས་ཟབ་མོ་ལྡན་པའི“གཙང་པོ་གཉིས་དང་ཆུ་བོ་གཅིག”སྤུས་དག་འཛིན་ཆས་བཟོ་གྲྭ་ནི་ཐོན་ལས་དབུལ་སྒྲོལ་གྱི་དཔེ་མཚོན་ཞིག་རེད།

2017ལོར་མཛོ་སྒང་རྫོང་གིས་རྟོག་ཞིབ་གང་ལེགས་བྱས་པའི་རྨང་གཞིའི་ཐོག་ས་ཁྱོན་སྨི་ངོས་གྲུ་2000ཙམ་བསྡུ་སྒྲིལ་བྱས་པ་དང་། ཐོན་ལས་རོགས་སྐྱོར་གྱི་མ་དངུལ་སྒོར་ཁྲི་326.1དོན་འཁྱོལ་གྱིས་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་ཐོན་སྐྱེད་ནུས་པ་ལྡན་པའི“གཙང་པོ་གཉིས་དང་ཆུ་བོ་གཅིག”སྤུས་དག་འཛིན་ཆས་བཟོ་གྲྭ་བཙུགས།

འཛིན་ཆས་བཟོ་གྲྭའི་ཁྲང་ཀྲང་ཤེས་རབ་ཚེ་ཕུན་གྱིས་ངོ་སྤྲོད་བྱས་དོན། འཛིན་ཆས་བཟོ་གྲྭས“གནའ་ལམ་གཙང་གསུམ”ཆེད་ལས་མཉམ་ལས་ཁང་ལྟེ་བར་བྱས་ནས། ད་ཡོད་ཀྱི་བོད་བཟོའི་འཛིན་ཆས་བཟོ་ཁང་དང་དམངས་ཁྲོད་བཟོ་ཁང་5དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་20དང་མཉམ་ལས་བྱས་པས། “‘གནའ་ལམ་གཙང་གསུམ’ཆེད་ལས་མཉམ་ལས་ཁང་དང་། སྤུས་དག་འཛིན་ཆས་བཟོ་གྲྭ ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང”བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་གྲུབ་ཡོད། མིག་སྔར། འཛིན་ཆས་བཟོ་གྲྭར་ལོར་ཡོང་འབབ་སྒོར་ཁྲི་360ཡོད་པ་དང་། དུད་ཚང་དབུལ་པོ་20ལ་ཡོང་འབབ་བརྟན་པོ་ཡོད་པའི་ལས་ཞུགས་ལས་གནས་མཁོ་འདོན་བྱས་ཡོད། ཐོན་ལས་དར་རྒྱས་གཏོང་རྒྱུ་ནི་མཛོ་སྒང་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཐབས་མཆོག་ཅིག་རེད། མཛོ་སྒང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་རྫོང་ཡོངས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་དགེ་མཚན་ལྡན་པའི་ཐོན་ཁུངས་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཀྱི“334”མ་འཇོག་བྱེད་སྟངས་ལ་སྐུལ་འདེད་གཏོང་བ། “གྲོང་ཚོའི་ཏང་ཀྲི་པུའུ+ཀུང་སི+མཉམ་ལས་ཁང+ཞིང་དུད”དང་། “ཀུང་སི+རྟེན་གཞི+ཞིང་འབྲོག་པ”“ཆེད་ལས་མཉམ་ལས་རྩ་འཛུགས+ཞིང་འབྲོག་པ” འཇོན་ཐང་ཅན་གྱིས་སྣེ་ཁྲིད་པ་སོགས་ཁེ་ཕན་མཉམ་སྦྲེལ་གྱི་རྣམ་པ་ཁྱབ་གདལ་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་རྫོང་ལ་ཐོན་ལས་གླིང་ཡོད་པ་དང་། ཤང(གྲོང་རྡལ)ལ་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་ཐོན་ལས་ཡོད་པ། གྲོང་ཚོར་ཐོན་ལས་ཆུང་ངུ་ཡོད་པ། དུད་ཚང་ལ་ཞིབ་ཕྲའི་འབབ་འཕར་རྣམ་གྲངས་ཡོད་པ་བཅས་མངོན་འགྱུར་བྱུང་བ་རེད།

འདུ་ཤེས་ཀྱིས་བྱ་སྤྱོད་ལ་ཁྲིད་སྟོན་དང་ཁ་ཕྱོགས་ཀྱིས་གདམ་ཁ་ཐག་གཅོད་བྱེད།

ཝ་མདའ་གྲོང་རྡལ་དབུ་ཡག་གྲོང་ཚོའི་སྐོར་གླེང་དུས་ཚང་མའི་སེམས་ལ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་རང་འགུལ་ཅན་གྱི་ས་ཕག་བཟོ་གྲྭ་དང་མངགས་གཏོང་བྱས་པའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་རན་ཁྲེང་ཝུན་འཆར་གྱི་ཡོད། རན་ཁྲེང་ཝུན་གྱི་ཚན་རིག་དང་མཐུན་པའི་དོ་དམ་དང་ཁྲིད་སྟོན་འོག་དབུ་ཡག་གྲོང་ཚོའི་རང་འགུལ་ཅན་གྱི་ས་ཕག་བཟོ་གྲྭའི་ལོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་། ཁེ་གཙང་། མང་ཚོགས་ལ་བགོ་འགྲེམས་བཅས་རྒྱུན་མཐུད་མང་དུ་ཕྱིན་ནས་2018ལོའི་ལོ་མཇུག་བར་ཐོན་སྐྱེད་རིན་ཐང་སྒོར་ཁྲི་550ལས་བརྒལ་བ་དང་། དུད་ཚང་རེར་ཆ་སྙོམས་བགོ་འགྲེམས་སྒོར་ཁྲི་1.2རག་པ་རེད།

“ཉིན་རེར་གླ་ཆ་སྒོར་150ཡོད་པས་ལས་ཀ་བྱེད་བསམ་ན་ཁྱིམ་གྱི་སྒོ་རྩ་ནས་ཡོང་འབབ་བསགས་ཆོག་པ་མ་ཟད། ལོ་མཇུག་ཏུ་ད་དུང་བགོ་འགྲེམས་ཀྱང་ཡོད། གལ་སྲིད་ས་ཕག་བཟོ་གྲྭར་ལས་ཀ་བྱས་ནས་ཡོང་འབབ་བསགས་མ་ཐུབ་ན་ངའི་ཁྱིམ་གྱི་འཚོ་བ་ཇི་འདྲ་ཆགས་མིན་ཤོད་དཀའ”ཞེས་རྐང་པ་ཐང་པོ་མེད་ལ། བཟའ་ཟླ་གྲོངས་པ་དང་ད་དུང་ཕྲུ་གུ་གསུམ་གསོ་དགོས་པའི་དབུ་ཡག་གྲོང་ཚོའི་གྲོང་མི་རྡོ་རྗེ་སྒྲོལ་མས་སེམས་འགུལ་ཆེན་པོ་ཐེབས་བཞིན་བརྗོད།

སྟོབས་འབར་ཤང་སྔོན་ཤེད་གྲོང་ཚོ་དང་སྨད་ཡུལ་ཤང་དཔོན་ཡུལ་གྲོང་ཚོར་གཟན་རྩྭ་འདེབས་འཛུགས་བྱེད་པ་དང་། སྨད་ཡུལ་ཤང་བྱེ་ཁུག་གྲོང་ཚོར་ཐོན་ལས་གླིང་འཛུགས་པ། འོག་ཐང་གྲོང་ཚོའི་སྤྲོ་གསེང་གྲོང་ཚོ། བལ་ཐོག་གྲོང་ཚོའི་མགྲོན་ཁང་སོགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་རྩ་བ་ཚུགས་ནས་ཡལ་འདབ་རྒྱས་པར་བྱས་ཡོད།

“ཆེད་ལས་མཉམ་ལས་ཁང”རྒྱ་སྐྱེད་བཏང་ནས་ཚོགས་སྒྲིག་ཕྱུག་འགྱུར་བྱུང་བ།

ཆེད་ལས་མཉམ་ལས་ཁང་སྟོབས་ཆེར་གཏོང་བའི་བརྒྱུད་རིམ་ཁྲོད། མཛོ་སྒང་རྫོང་གིས་སྲིད་ཇུས་དང་། མ་དངུལ། ཤེས་ལྡན་པ་བཅས་ནས་རྒྱབ་སྐྱོར་བྱེད་ཤུགས་ལ་མངོན་གསལ་དོད་པོས་ཤུགས་སྣོན་བརྒྱབ་སྟེ། 2018ལོར། རོགས་སྐྱོར་དངུལ་བུན་བསྡོམས་སྒོར་ཁྲི་130བཏང་བའི་ནང་ནས་རོགས་སྐྱོར་མ་དངུལ་སྒོར་ཁྲི་103.6དོན་འཁྱོལ་བྱས་པ་དང་། ཧྥུའུ་ཅན་ཞ་མོན་གྲོང་ཁྱེར་གཞུང་ཁུངས་ཁེ་ལས་ཀྱིས་རིགས་གཅིག་ཤེས་ལྡན་པ་ཁག་གཉིས་ཀྱི་མི་ཐེངས་8མངགས་གཏོང་བྱེད་པར་མཐུན་སྦྱོར་བྱས་ནས་རྫོང་མཉམ་ལས་ཁང་གི་ཁོངས་གཏོགས་ཀྱི་རྣམ་གྲངས་22ལ་ཉེན་ཁ་དཔྱད་དཔོག་དང་སྤྱོད་ཆོག་པ་རིག་པས་ཁུངས་སྐྱེལ་བྱས་པ་དང་། ཕྱུག་འགྱུར་སྣེ་ཁྲིད་པ་དང་། དམག་ཞབས་ཐིམས་པའི་དམག་མི། སློབ་ཆེན་ཐོན་པའི་སློབ་གྲྭ་ཆེ་མོ་བ་བཅས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ནང་ཞུགས་པར་རྒྱབ་སྐྱོར་བཅས་བྱས་ཏེ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་རྒྱུན་མཐུད་འཕེལ་རྒྱས་ལ་རིག་སྟོབས་ཀྱིས་འདེགས་སྐྱོར་ནུས་ལྡན་བྱས་པ་རེད།

དམིགས་བསལ་གྱི་སྲིད་ཇུས་དང་མ་དངུལ་གྱི་རོགས་སྐྱོར་འོག་ཆེད་ལས་མཉམ་ལས་ཁང་ཁག་གཅིག་སྟོབས་ཆེ་རུ་ཕྱིན་ཡོད།

ཝ་མདའ་གྲོང་རྡལ་ཛོ་པ་གྲོང་ཚོའི་མེ་ཏོག་འདེབས་འཛུགས་དང་ཐེམ་ཐོག་གྲོང་རྡལ་བྱེ་མདའ་གྲོང་ཚོའི་ནུས་ཆེའི་ཉི་འོད་དྲོད་ཁང་སོགས“ཏང་ཀྲི་པུའུ+མཉམ་ལས་ཁང+ཞིང་འབྲོག་པའི”གཉེར་སྐྱོང་རྣམ་པའི་མཉམ་ལས་ཁང་16འཕེལ་རྒྱས་བཏང་སྟེ་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་123དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་པ་རེད།

ཝ་མདའ་གྲོང་རྡལ་འོ་སྤོས་གྲོང་ཚོའི་སྣོད་བཅུད་འདེབས་འཛུགས་གསོ་ཚགས་རྟེན་གཞི་སོགས“ཁེ་ལས+རྟེན་གཞི+ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང”གི་གཉེར་སྐྱོང་རྣམ་པའི་མཉམ་ལས་ཁང་6འཕེལ་རྒྱས་བཏང་སྟེ། ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་160དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་པ་རེད།

མཛོ་སྒང་རྫོང་འབུ་ལུང་གྲོང་ཚོའི་སྤོས་བཟོ་གྲྭ་སོགས“ཕྱུག་འགྱུར་སྣེ་ཁྲིད་པ+མཉམ་ལས་ཁང+ཞིང་དུད”ཀྱི་གཉེར་སྐྱོང་རྣམ་པའི་མཉམ་ལས་ཁང་10འཕེལ་རྒྱས་བཏང་སྟེ་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་297དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་པ་རེད།

མིག་སྔའི་བར། མཛོ་སྒང་ལ་བསྡོམས་ཆེད་ལས་མཉམ་ལས་ཁང་55ཡོད་པ་དེའི་ནང་རྒྱལ་ཁབ་རིམ་པའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་2དང་། རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་2 གྲོང་ཁྱེར་རིམ་པའི་ཕུལ་བྱུང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་3བཅས་ཡོད་ལ། མཉམ་ལས་ཁང་གི་ཁོངས་མི་745ཡོད་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་264ཡི་མི་580ཡོད་པ་དང་། མང་ཚོགས་དབུལ་པོ་114ཡི་ལས་ཞུགས་གནད་དོན་ཐག་གཅོད་བརྟན་པོ་ཐུབ་ནས་ལོར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་4200བྱུང་ཡོད་པ་རེད།

དབུལ་སྒྲོལ་འགག་སྒྲོལ་གྱི་ལམ་བུའི་ཐོག་མང་ཚོགས་དབུལ་པོ་ཚང་མས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་ཆེད་མཛོ་སྒང་རྫོང་གི་གོང་འོག་ཚང་མས་སེམས་ནུས་གཅིག་སྒྲིལ་གྱིས་མཐའ་མའི་གདོང་མཆོང་དུང་བརྡ་བསྒྲགས་ནས་མཛེས་སྡུག་ལྡན་པའི་མ་འོངས་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།

(དོན་གྲུབ་དང་དབང་སྒྲོལ་སྐྱིད་ཀྱིས་སྒྱུར་ཞུས་བྱས)