《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月20日

དམངས་འཚོའི་དོན་དག་ཆུང་ངུ་ཙམ་ལའང་དོ་ཁུར་ཆེན་པོ་བྱེད་པ།

—— བོད་ཀྱིས་དམངས་འཚོའི་བདེ་རྩ་མུ་མཐུད་ཆེ་རུ་བཏང་ནས་མི་སེར་གྱི་བདེ་སྐྱིད་ཚོར་སེམས་སྔར་བས་ཟབ་ཏུ་གཏོང་བ།

■གླེང་གཞི།

——————

2019ལོར་རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལོ་འཁོར་གྱི་དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས་པས། སློབ་གསོ་དང་། སྨན་བཅོས། ལས་ཞུགས་སོགས་ཁྱབ་ཁོངས་སུ་རང་ལྗོངས་ཀྱི་མི་སེར་ལ“དམངས་འཚོའི་ལག་རྟགས་ཆེན་པོ”ཐོབ་པ་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། ཐབས་ལམ་སྣ་ཚོགས་བརྒྱུད་མཐོ་སློབ་སློབ་ཐོན་སློབ་མ་98.1%ལས་ཞུགས་ཐུབ་པ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་2.5%ནང་ཚུན་དུ་ཚོད་འཛིན་ཐུབ་པ། དེང་རབས་སློབ་གསོ་དུད་ཚང་ཁྲི་སྟོང་མང་པོར་ཁྱབ་སྟེ་སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱས་པ། འཕྲོད་བསྟེན་བདེ་ཐང་བྱ་གཞག་སྔར་བས་འཕེལ་རྒྱས་བྱུང་སྟེ་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་70.1བར་རིང་དུ་ཕྱིན་པ་བཅས་རེད།

དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་མངོན་གསལ་དོད་པ།

བོད་ནི་རྒྱལ་ཡོངས་སུ་དབུལ་པོ་ཐོན་ཚད་མང་ཤོས་དང་། དབུལ་ཕོངས་ཀྱི་ཚད་གཞི་ཆེ་ཤོས། དབུལ་སྐྱོར་གྱི་མ་གནས་མཐོ་ཤོས། དབུལ་སྒྲོལ་བྱེད་ཁག་ཤོས་བཅས་ཀྱི་ས་ཁོངས་ཤིག་དང་རང་རྒྱལ་གྱི“ཁུལ་གསུམ་ཀྲོའུ་གསུམ”ཁྲོད་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་ཁུལ་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གཅིག་པུ་དེ་ཡིན་པས། 2015ལོའི་ལོ་མཇུག་ཏུ་བོད་དུ་དབུལ་པོ་ཐོན་ཚད་25.32%ཟིན་ཡོད་པ་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཕྱོགས་ཡོངས་ནས་བརྒྱབ་ཚུན། རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ནུས་ཤུགས་ཡོད་རྒུས་འབད་བརྩོན་བྱས་པར་བརྟེན་2016ལོར་རང་ལྗོངས་ཀྱི་རྫོང་དང་ཆུས་དབུལ་པོ་5སྔ་སྣུར་དུ་དབུལ་སྒྲོལ་ཐུབ་པ་དང་། 2017ལོར་རང་ལྗོངས་ཀྱི་རྫོང་དང་ཆུས་དབུལ་པོ་25དབུལ་ཞྭ་ཕུད་པ། 2018ལོར་རྫོང་དང་ཆུས་25སླར་ཡང་དབུལ་སྒྲོལ་ཐུབ་པ། 2019ལོར་རང་ལྗོངས་ཀྱི་རྫོང་དང་ཆུས་མཐའ་མ་19དེ་དག་དབུལ་ཞྭ་ཕུད་པ་བཅས་རེད།

2020ལོར་རང་ལྗོངས་ཀྱི་མ་འཇོག་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དབུལ་སྒྲོལ་གྱི་ཕན་འབྲས་ལྟ་ཞིབ་ཚད་ལེན་དང་དབུལ་པོ་བསྐྱར་ལོག་གི་སྔོན་བརྡ་གཏོང་བའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་དང་། གནད་སྨིན་དབྱེ་འབྱེད་དང་། ཐོན་ལས་ཀྱི་འདེགས་སྐྱོར། སྲིད་ཇུས་ཀྱི་སྐུལ་ལྕག ལས་ཞུགས་སྔོན་བསྟར། བོད་སྐྱོར་རོགས་རམ། སྤྱི་ཚོགས་འགན་ལེན་ཐ་སྐྱོང་བཅས་ལས་དོན་ཁག་ལ་མུ་མཐུད་དམ་འཛིན་བྱས་ཏེ་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་ཀྱི་མ་དངུལ་དང་བྱེད་ཐབས་དབུལ་སྒྲོལ་འགག་སྒྲོལ་གྱི་དུས་བཀག་ནང་བརྟན་པོ་རྒྱུན་འཁྱོངས་བྱེད་པ་དང་མ་དངུལ་སྒོར་དུང་ཕྱུར་131སྤྱི་འདོམས་བསྡུ་སྒྲིལ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ཐད་གཏོང་རྒྱུ་ཡིན་པ་རེད།

དེང་རབས་སློབ་གསོའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ།

2020ལོར་རང་ལྗོངས་ཀྱིས་མུ་མཐུད་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་ཡིན་ཞིང་། དགེ་རྒན་ལ་བསམ་བློ་ཆབ་སྲིད་སློབ་གསོའི་གསོ་སྦྱོང་བྱས་ནས་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་ཕུགས་བསམ་དད་སེམས་དང་། རྒྱལ་གཅེས་རིང་ལུགས། མི་རིགས་མཐུན་སྒྲིལ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་བཅས་ཤུགས་ཆེར་གཏོང་བ་དང་། སློབ་ཞུགས་གོང་གི་སློབ་གསོའི་དུས་ཐེངས་གསུམ་པའི་བྱ་སྤྱོད་འཆར་གཞིར་སྐུལ་འདེད་གཏོང་བ། རྫོང་ཁོངས་འོས་འགན་སློབ་གསོ་སྤྱིའི་ཆ་ནས་དོ་སྙོམས་ཡོང་བའི་རྒྱལ་ཁབ་ཀྱི་དཔྱད་དཔོག་ལེགས་སྒྲུབ་བྱེད་པ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ཁྱབ་གདལ་འགག་སྒྲོལ་ལེགས་སྒྲུབ་བྱས་ཏེ་ན་འདྲེས་སློབ་ཞུགས་བྱེད་ཚད་90%ཟིན་པ། ཐོན་སློབ་མཉམ་འདྲེས་དང་སློབ་ཁེ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས“1+X”ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་དང་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཆེད་ལས་ཡག་པོ་གཉེར་བ། མཐོ་རིམ་སློབ་གསོའི་ནང་དོན་རྣམ་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས“རྩེ་གྲ་གཉིས”གཏིང་ཟབ་གཏོད་པ། ལས་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མཐོ་རིམ་སློབ་གསོའི་ན་འདྲེས་སློབ་ཞུགས་བྱེད་ཚད་རྒྱལ་ཁབ་ཀྱི་བླང་བྱར་སླེབས་ཐུབ་པའི་བརྩོན་ལེན་བྱེད་པ། སྤྱི་ཚོགས་ཀྱི་སློབ་གསོའི་ཐོན་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་དམིགས་བསལ་སློབ་གསོ་དང་། ཚེ་གང་སློབ་གསོ། ལས་ཐོག་སློབ་གསོ། ཞིང་འབྲོག་པའི་སློབ་གསོ་བཅས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སློབ་གསོའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་ནུས་པ་འདོན་སྤེལ་བྱེད་པ། “དྲ་སྦྲེལ་+སློབ་གསོ”ཁྱོན་ཡོངས་ལ་ཁྱབ་པ། “འགན་ལེན་གསུམ”གྱི་ཁ་གསབ་མང་དུ་བཏང་སྟེ་སློབ་མ་རེར་ཆ་སྙོམས་ལོ་རེར་སྒོར་3720ནས་སྒོར་4200བར་སྤོར་བ་བཅས་བྱ་རྒྱུ་རེད།

ལས་ཞུཌ་སྤུས་ཚད་སྔར་བས་མཐོ་རུ་ཕྱིན་པ།

2019ལོར། ལྗོངས་ཡོངས་ཀྱི་ལས་ཞུགས་དུས་བབ་བརྟན་ཐོག་ཡར་འཕེལ་དང་ལས་ཞུགས་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ནས་མཐོ་སློབ་སློབ་ཐོན་སློབ་མའི“ལས་ཞུགས་ཆེ་མོའི”བཀོད་པ་ཞིག་ཆགས་པ་དང་། སྤྱི་ཚོགས་ཡོངས་དང་རིམ་ཁག་སྡེ་ཚན་ཁག་གིས་མཐོང་ཆེན་བྱེད་ཚད་དང་ཞུགས་ཚད་ཀྱང་ཟམ་མི་ཆད་པར་མཐོ་རུ་སོང་བ། “ཕྱོགས་མང་གཞི་གཅིག”གི་ཕྱོགས་བསྡུས་ལས་ཞུགས་ལས་སྟེགས་ཆགས་ཟིན་པ། ལོ་དེ་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་98.1%ཟིན་པ་དང་ཁྲོམ་རར་ལས་ཞུགས་ཐུབ་ཚད་71%ཟིན་པ། ཞིང་འབྲོག་པའི་གསོ་སྦྱོང་དང་། ལས་ཞུགས་གཞན་སྒྱུར་བྱ་སྤྱོད། ལས་ཞུགས་བྱེད་འགོ་རྩོམ་པའི་བྱ་སྤྱོད་བཅས་ལག་ལེན་གཏིང་ཟབ་བསྟར་ཏེ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3%ནང་ཚུན་དུ་ཚོད་འཛིན་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་བརྟག་དཔྱད་བྱེད་ཚད་5%ནང་ཚུན་དུ་ཚོད་འཛིན་བྱས་པ། གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་5.32གསར་དུ་ལས་ཞུགས་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐུབ་མེད་པའི་ཁྱིམ་ཚང་རྒྱུན་མཐུད་ལས་ཞུགས་ཐུབ་པ་བྱས་པ། ཞིང་འབྲོག་པ་ཁྲི་57.1ལས་ཞུགས་གཞན་སྒྱུར་བྱས་པ། ངལ་རྩོལ་ཡོང་འབབ་སྒོར་དུང་ཕྱུར་34.8བྱུང་བ་བཅས་རེད།

བདེ་ཐང་བོད་ལྗོངས་མགྱོཌ་མྱུར་བསྐྲུན་པ།

ད་ཕན་ལོ་ཤས་རིང་རང་ལྗོངས་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་བྱ་གཞག་ཁག་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་ནས་མི་རྣམས་ཧང་སངས་དགོས་པའི་གྲུབ་འབྲས་ཐོབ་ཅིང་། ཁྲིམས་གཏན་འཁེལ་བའི་འགོ་ནད་ཐོན་ཚད་དང་འཆི་ཚད་ཆ་སྙོམས་ལོ་རྒྱུས་ཐོག་གི་ཚད་གཞི་དམའ་ཤོས་སུ་ཆག་པ་དང་། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་བཅིངས་འགྲོལ་བཏང་མ་ཐག་གི་ལོ་35.5ནས་ལོ་70.6བར་རིང་དུ་སོང་བ། སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་པའི་སྐྱེད་མ་འཆི་ཚད་བཅིངས་འགྲོལ་བཏང་མ་ཐག་གི་ཁྲི་བཅུ་ཆ་5000ནས་ཁྲི་བཅུ་ཆ་232བར་ཆག་པ། དམར་འབྱར་འཆི་ཚད་བཅིངས་འགྲོལ་བཏང་མ་ཐག་གི་430‰ནས་21.15‰བར་ཆག་ཡོད། སྟོན་གྲངས་དེ་དག་གི་འགྱུར་ལྡོག་ལས་རང་ལྗོངས་ཀྱི་མི་དམངས་མང་ཚོགས་ཀྱི་བདེ་ཐང་གི་ཆུ་ཚད་མཐོ་རུ་ཤུགས་ཆེན་སོང་བ་མཚོན་གྱི་ཡོད།