《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月20日

མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ནི་དམངས་འཚོའི་ལས་དོན་ལ་ཤན་ འབྱེད་པའི་ཚད་གཞི་ཡིན།

སུན་ཝུན་ཅོན།

2019ལོར་རང་ལྗོངས་ཀྱིས་བློ་བརྟན་འགྱུར་མེད་ངང་དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་ནས་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་ཕུལ་ཡོད། འདི་ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་ཡིན་ལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཞིག་ཀྱང་རེད། སྔ་རྗེས་རྒྱུན་མཐུད་ཀྱི་མཚམས་ཚིགས་དང་སྔ་འཛིན་ཕྱི་གཏོད་ཀྱི་མདུན་སྐྱོད་ལམ་བུའི་ཐོག་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ་ལས་དོན་ཏན་ཏིག་སྒྲུབ་པ་དང་འབད་འབུངས་སྟོབས་བརྩོན་བྱེད་རྒྱུ་ནི་ང་ཚོའི་དོར་ཐབས་མེད་པའི་འགན་འཁྲི་དང་ལས་འགན་ཞིག་རེད།

རང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་ཕྱོགས་ཤུགས་ཆེ་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་ཨང་དང་པོར་གནས་མོད། འོན་ཀྱང་ལྷོད་གཡེང་གཏན་ནས་གཏོང་མི་རུང་བར་ངེས་པར་དུ་འཕར་ཚད་བརྟན་པོ་ཡོང་བ་དང་། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། གྲུབ་ཆ་ལེཌ་སྒྲིག དམངས་ཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག་བཅས་ལ་མུ་མཐུད་སྤྱི་འདོམས་སྐུལ་འདེད་བཏང་སྟེ་དཔལ་འབྱོར་འཕར་རྒྱུ་མུ་མཐུད་སྤུས་ཚད་ཡོད་པ་དང་ཤུགས་ཚད་ཡོད་པའི་འགན་ལེན་བྱེད་དགོས།

དམངས་འཚོའི་ལས་དོན་ཡག་པོ་སྒྲུབ་པར་དངོས་དོན་གཉེར་དགོས་པ་དང་ལས་དོན་སྒྲུབ་པའི་སེམས་ཤུགས་བརྟན་པོ་ཡོད་དགོས། ལས་ཞུགས་དང་། སློབ་གསོ། སྨན་བཅོས། རྒན་གསོ། སྡོད་ཁང་། ཁོར་ཡུག་བཅོས་སྒྲིག་སོགས་དམངས་འཚོའི་གནད་དོན་ནི་དངོས་གནས་དྲང་གནས་ཀྱི་ཞིབ་ཕྲའི་གནད་དོན་ཞིག་ཡིན་པ་དང་། གནད་དོན་དེ་དག་ཐག་གཅོད་བྱེད་སྐབས་ཕྱི་ཚུལ་ཙམ་དང་བཟོ་ལྟ་ཙམ་སྟོན་ན་མི་འགྲིག་པ་དང་། འགག་རྩའི་སྐབས་བྱ་ཐབས་ངོ་མ་དང་བྱ་ཐབས་ནུས་ལྡན་སྤྱོད་དགོས། དམངས་འཚོའི་ལས་དོན་ནི་གཞི་ཁྱོན་ཆེ་བ་དང་། འབོར་ཆེ་བ། འགོ་འཛུགས་ས་མང་བ། དུས་ཡུན་རིང་བ་བཅས་ཡིན་པས། དམངས་འཚོ་ལེགས་སུ་གཏོང་བར་ནམ་ཡང་ཚར་དུས་མེད། ཐོ་བ་གཅིག་མཇུག་གཉིས་མཐུད་ངང་གཞུ་བའི་གཟེར་འདེབས་ཀྱི་སྙིང་སྟོབས་ཤིག་མེད་ཚེ་མང་ཚོགས་བློ་ཡིད་ཚིམ་པའི་གྲུབ་འབྲས་ཐོབ་དཀའ། སྨུག་རྡུལ་བཅོས་སྐྱོང་དང་ཁོར་ཡུག་ལེགས་གཏོང་ཡིན་ན་ཡང་འདྲ། ཡང་ན་བཟའ་བཅའི་བདེ་འཇགས་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་དང་སྡོད་སའི་ཁང་པ་ཡོད་པ་སོགས་ཡིན་ཡང་རུང་། དམངས་འཚོའི་གླེང་མང་བ་དང་དཀའ་གནད་ཆེ་བའི་གནད་དོན་དེ་དག་ལ་རྟག་ཏུ་དུས་ཡུན་རིང་པོ་གསོག་འཇོག་བྱས་པའི་རྙོག་འཛིང་ཆེ་བའི་རྒྱུ་རྐྱེན་ཡོད་རྐྱེན། ཐག་གཅོད་བྱེད་སྐབས་སྡེབ་གཅིག་ལ་ཡོངས་སུ་ཐག་གཅོད་བྱེད་མི་ཐུབ། དམངས་འཚོ་ལེགས་སུ་གཏོང་བར་ངེས་ཤུགས་རྒྱུན་འཁྱོངས་དང་སྙིང་རུས་གཏན་འཁྱོངས་བྱས་ཏེ་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས་པ་མ་ཟད། རྒྱུན་མཐུད་དམག་འཐབ་ཀྱང་ཡག་པོ་རྒྱག་དགོས། དཀའ་གནད་དམ་བཟུང་གིས་གནད་སྨིན་ཇུས་བསྟར་དང་གཙོ་གནད་དམ་འཛིན་གྱིས་མུ་མཐུད་ཤུགས་བརྒྱབ་ཚེ། གཞི་ནས་ལས་དོན་རེ་རེ་བཞིན་ཡག་པོ་བསྒྲུབས་ནས་དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཐུབ།

མི་སེར་གྱི་འཚོ་ཚིས་ཀྱི་ཕྱོགས་གང་ས་ཅི་ཐད་ནས་མི་སྒེར་གྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བ་མཚོན་གྱི་ཡོད་ལ། སྲིད་སྐྱོང་མཁན་གྱི་སྲིད་ཇུས་ཀྱི་ཁ་ཕྱོགས་ལའང་ཞིབ་བཤེར་བྱེད་བཞིན་ཡོད། དམངས་འཚོའི་དཀའ་གནད་སེལ་བར་ཆེས་གཞི་རྩ་ནི་མི་སེར་གྱི་བདེ་སྡུག་དུས་དང་རྣམ་པ་ཀུན་ཏུ་སེམས་དབུས་སུ་བཅངས་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་ཆབ་སྲིད་ཀྱི་བྱས་རྗེས་ཆེ་ཤོས་ཤིག་ཡིན། བྱ་བ་རེ་རེའི་མཇུག་ལ་བྱ་བ་རེ་རེ་བཞིན་སྒྲུབ་པ་དང་ལོ་ནས་ལོ་མཐུད་དེ་ལས་ཀ་བྱས་ཏེ་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་བྱ་བཟང་བསྒྲུབས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་མི་དམངས་ཀྱི་འཚོ་བ་ལོ་རེ་ལས་ལོ་རེ་མ་འདས་པར་ཇེ་ཡག་ཏུ་འགྲོ་ཐུབ་པ་བྱེད་དགོས། (བསོད་ནམས་དཔའ་མོས་བསྒྱུར། བདེ་སྒྲོལ་དང་བསོད་དཔའ་ཡིས་ཞུས)