《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月20日

ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་། ཕྱུག་འགྱུར་ཐབས་ལམ་མང་དུ་ཕྱིན།

—— གཞིས་རྩེ་གྲོང་ཁྱེར་གྱི་ཐོན་ལས་དབུལ་སྐྱོར་གྱི་ལས་དོན་སྐོར་བཀོད་པ།

དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན། གཞིས་རྩེ་གྲོང་ཁྱེར་གྱིས་ཐོན་ལས་དབུལ་སྐྱོར་གྱི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་གྱི་སྤུས་ཚད་འགན་ལེན་བྱེད་པའི་གཞི་རྩའི་འཐབ་ཇུས་ཤིག་ལ་བརྩིས་ནས། ནུས་ཤུགས་ཡོད་རྒུས་ཇོ་མོ་གླང་མའི་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་རྒྱ་ཆེར་བཏང་བས་མང་ཚོགས་དབུལ་པོ་དེ་བས་མང་བ་ཐོན་ལས་ནང་ཞུགས་པ་དང་། ཡོང་འབབ་རག་པ། དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པ་བཅས་བྱུང་བ་རེད།

ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་ལས་ལ་གསོན་ཤུགས་འཕེལ་བར་བྱས་པ།

“ཁྲོམ་རའི་མདུན་ལམ་དང་། གཉེར་སྐྱོང་བྱེད་པོ། ཁེ་ཕན་གྱི་འབྲེལ་མཐུད། ཚན་རྩལ་གྱི་འདེགས་སྐྱོར་བཅས་ཡག་པོ་ཡོད་པ”ནི་གཞིས་རྩེ་གྲོང་ཁྱེར་གྱི་ཐོན་ལས་བཀོད་སྒྲིག་གི་རྩ་བའི་གཞི་འཛིན་ས་ཞིག་རེད།

རིམ་རྩིས་ལྟར་ན། མིག་སྔར་གཞིས་རྩེ་གྲོང་ཁྱེར་གྱིས་ནས་ཀྱི་གཟན་རྩྭ་དང་། ཇོ་མོ་གླང་མའི་ལུག ཇོ་མོ་གླང་མའི་འབྲི་གཡག ལྗང་མདོག་སྔོ་ཚལ། ལས་སྣོན་ཞིབ་ཚགས། རིག་གནས་ཡུལ་སྐོར། ཚོང་དོན་འགྲོ་འོང་། མི་རིགས་ལག་ཤེས། སྣོད་བཅུད་སྡོང་ཕྲུག་ར་བ་སོགས་ཁྱད་ལྡན་ཐོན་ལས་རྣམ་གྲངས་309བསྐྲུན་ཡོད་པ་དང་། ཕན་པ་ཐོབ་མཁན་མང་ཚོགས་དབུལ་པོ་ཁྲི་10ལས་བརྒལ་ཡོད་པ་རེད།

2019ལོར་གཞིས་རྩེ་གྲོང་ཁྱེར་གྱི་ནས་ཀྱི་ཐོན་ཚད་ཏུན་ཁྲི་40ཟིན་པ་དང་། ཇོ་མོ་གླང་མའི་ལུག་དང་ཇོ་མོ་གླང་མའི་འབྲི་གཡག་བཤས་གཏོང་ཚད་ཁག་སོ་སོར་ཁྲི་115དང་ཁྲི་11.5ཟིན་པ་དང་ཚོང་ཟོག་ཏུ་འགྱུར་ཚད་70%ཟིན་པ། བ་གླང་རྒྱུད་པ་ལེགས་བཅོས་བྱེད་ཚད་ཁྲི་5.56ཟིན་པ། སྔོ་ཚལ་གྱི་སྤྱིའི་ཐོན་ཚད་ཏུན་ཁྲི་38.7ཟིན་པ་བཅས་ལས་ཇོ་མོ་གླང་མའི་དབུལ་སྐྱོར་ཐོན་ལས་ཀྱི་གསོན་ཤུགས་དང་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་མངོན་ཡོད་པ་རེད།

ལས་སྟེགས་ལེགས་སུ་བཏང་ནས་འབྲེལ་མཐུད་དམ་ཟབ་བྱས་པ།

བསམ་གྲུབ་རྩེ་ཆུས་གདོང་དཀར་ཤང་གིས་བྱེ་མ་གདངས་ཆེན་དེང་རབས་ཞིང་ལས་འཕེལ་རྒྱས་ཆེད་ལས་མཉམ་ལས་ཁང་མཉམ་འབྲེལ་ཁང་འབྲེལ་ཐག་ཏུ་བྱས་ཏེ་ཞོག་ཁོག་འདེབས་འཛུགས་དང་། གྲོང་གསེབ་ཀྱི་འགྲོ་ལམ་འགན་གཙང་ལེན་པ། ཤིང་འཛུགས་ནགས་གསོ་བྱེད་པ་སོགས་རྣམ་གྲངས་བརྒྱུད་དུས་ཡུན་ལོ་གཅིག་ལྷག་ཙམ་ནང་ཁེ་སྤོགས་སྒོར་ཁྲི་400ལྷག་ཙམ་བྱུང་ཡོད་པ་རེད།

འབྲོང་པ་རྫོང་བར་ཡངས་གྲོང་རྡལ་ཉ་ཁང་གྲོང་ཚོའི་ཆེད་ལས་མཉམ་ལས་ཁང་གིས“གསོ་ཚགས་དང་། ཐོན་ལས། ཕྱིར་འཚོང”བཅས་གཞི་གཅིག་ཅན་གྱི་ཐོན་ལས་འཁོར་སྦྲེལ་བཙུགས་པས། 2018ལོར་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་311དང་2019ལོར་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་700བྱུང་ཡོད་པ་རེད།

གཞིས་རྩེ་གྲོང་ཁྱེར་གྱིས་མང་ཚོགས་ཐོན་ལས་འཁོར་སྦྲེལ་ཐོག་གཅིག་སྡུད་ཐུབ་པ་དང་། ཐོན་ལས་འཁོར་སྦྲེལ་ལ་བརྟེན་ནས་མང་ཚོགས་ཕྱུག་པོ་ཆགས་པ་བྱས་ཏེ། “ཐུན་མོང་གི་སྒྲིག་གཞི་ཞིག་བསྐྲུན་པ་དང་ཐོན་ལས་རྣམ་གྲངས་ཤིག་དར་རྒྱས་བཏང་ནས། གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་དང་ཕྱོགས་གཅིག་གི་མང་ཚོགས་ཕྱུག་པོ་ཆགས་པ་བྱེད་པ”བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་ཧུར་ཐག་ཆགས་པར་བྱས་པ་རེད།

ཇོ་མོ་གླང་མའི་ཞིང་འབྲོག་ཐོན་ལས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སི་བཙུགས་ནས་ཞིང་འབྲོག་ལས་ཐོན་ལས་ཅན་གཉེར་སྐྱོང་གི་སྣེ་འདྲེན་ཁེ་ལས་28སྐྱེད་བསྲིང་དང་དབུལ་སྐྱོར་འཁོར་ཁང་159བཙུགས་ཤིང་། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་1298དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་1388ཟིན་ཡོད་པ་རེད།

2019ལོའི་ལོ་མཇུག་བར་གཞིས་རྩེ་གྲོང་ཁྱེར་གྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་6709བར་འཕེལ་རྒྱས་ཕྱིན་པ་དང་། མང་ཚོགས་ཁྲི་40ལྷག་ཙམ་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་པ། མཉམ་ལས་ཁང་4614ཐོན་སྐྱེད་གཉེར་སྐྱོང་བྱེད་འགོ་ཚུཌ་པ། མཉམ་ལས་ཁང་2577གྱིས་མི་རེར་ཆ་སྙོམས་སྒོར་1400བགོ་འགྲེམས་བརྒྱབ་པ་རེད།

གསར་གཏོད་བྱེད་སྟངས་ཀྱིས་ལེགས་ཆ་དེ་བས་ཤུགས་ཆེར་བཏང་བ།

ས་བབ་མཐོ་བའི་ཤིན་ཏུ་དབུལ་བའི་རྫོང་གི་ཐོན་ཁུངས་ཞན་པ་དང་། ཤེས་ལྡན་མི་སྣའི་འདེགས་སྐྱོར་དཀོན་པ། གཉེར་སྐྱོང་བྱེད་པོ་ཉུང་བ། ཐོན་ལས་དབུལ་སྐྱོར་བྱེད་དཀའ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། གཞིས་རྩེ་གྲོང་ཁྱེར་གྱིས“ས་ཁོངས་སྒྲོལ་བའི་དཔལ་འབྱོར”སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁོངས་ཀྱི་ཚོད་འཛིན་མེད་པར་བཟོས་ཏེ། “ས་ཁོངས་སྒྲོལ་བའི”ཐོན་ལས་དབུལ་སྐྱོར་བྱེད་སྟངས་འཚོལ་ཞིབ་དང་འཕེལ་རྒྱས་བཏང་སྟེ་ལེགས་ཆ་གསབ་རེས་དང་། ཁེ་ཕན་མཉམ་སྤྱོད། གཉིས་ཁེ་གཉིས་ཕན་བཅས་ཀྱི་ཐོན་ལས་དབུལ་སྐྱོར་གྱི་ལམ་བུ་གསར་པར་བསྐྱོད་པ་རེད།

བསམ་གྲུབ་རྩེ་ཆུས་བདེ་ཞིང་3900གཞིས་ཀ་ཚད་ཡོད་ཀུང་སིས“དབུལ་སྐྱོར་གྱི་ཐོབ་ཆ་དང་། ངལ་ནུས་ཡོང་འབབ། མངཌ་ཐོ་ཉོ་སྒྲུབ”བཅས་ཟུང་དུ་འབྲེལ་བའི་བྱེད་ཐབས་སྤྱད་ནས་གནད་སྨིན་དབུལ་སྐྱོར་བྱས་ཏེ། 2018ལོར་དིང་རི་དང་ངམ་རིང་རྫོང་ལ་ཁག་སོ་སོར་སྒོར་ཁྲི་200བགོ་འགྲེམས་བརྒྱབ་པ་དང་། མང་ཚོགས་དབུལ་པོ་720ལ་མི་རེར་ཆ་སྙོམས་ཐོབ་ཆ་སྒོར་2000རག་པ། མང་ཚོགས་དབུལ་པོ་360ལས་ཞུགས་ཐུབ་པ་བྱས་པ་བཅས་ལས་དབུལ་སྐྱོར་གྱི་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།

གཞིས་རྩེ་གྲོང་ཁྱེར་གྱི་དབུལ་སྐྱོར་ཐོན་ལས་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། དབུལ་སྒྲོལ་ཕྱུག་འགྱུར་གྱི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་དེ་ཉིད་སྔར་བས་རྒྱ་ཆེར་འགྲོ་བཞིན་ཡོད་པ་དང་། མང་ཚོགས་དབུལ་པོ་ཐུན་མོང་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་ལ་སྐྱོད་པའི་ཕུགས་འདུན་བཟང་པོ་མངོན་འགྱུར་ཡོང་བཞིན་ཡོད་པ་རེད།