《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月20日

མང་ཚོགས་དེ་བས་མང་བ་ཐེ་ཞུགས་བྱེད་དུ་བཅུག་པ།

—— ཚེ་རིང་རྒྱལ་པོས་ཡུལ་མི་སྤུན་ཟླ་ཚོའི་སྣེ་ཁྲིད་དེ་དབུལ་སྒྲོལ་ལམ་དུ་བསྐྱོད་པའི་སྐོར་བཀོད་པ།

ཚེ་རིང་རྒྱལ་པོའི་སྡོད་ཁང་ནི་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་རྒྱ་སྨུག་གྲོང་ཚོའི་ཡག་ཤོས་དེ་རེད། 2019ལོར་བརྒྱབ་ཟིན་པའི་ཐོག་ཉིས་མ་དེར་རྒྱ་ཁྱོན་སྨི་ངོས་གྲུ་500ལྷག་ཙམ་ཡོད་པ་དང་། བཀོད་པ་ལེགས་པའི་མཛེས་རྒྱན་སོགས་ལས་ཁྱིམ་ཚང་དེ་འབྱོར་ཕྱུག་ལྡན་པ་ཞིག་ཡིན་པ་ཚོར་ཐུབ།

ཚེ་རིང་རྒྱལ་པོ་ངོ་ཤེས་མཁན་ཚང་མས་དེ་སྔ་ཁོང་ཡང་དུད་ཚང་དབུལ་པོ་ཞིག་ཡིན་པ་དང་ནང་མི་6པོ་གུར་གཅིག་གི་ནང་དུ་འཚང་ག་བརྒྱབ་ནས་ཆུ་དང་གློག་མེད་པའི་འཚོ་བ་སྐྱེལ་གྱི་ཡོད་པ་མ་ཟད། ཕྱུགས་རིགས་ཀྱང་ཁ་ཤས་ལས་མེད་པ་དང་ལོ་གཅིག་གི་ཡོང་འབབ་སྒོར་ཆིག་སྟོང་ཡང་ཟིན་གྱི་མེད་པས་འཚོ་བར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་ཤེས་གསལ་རེད།

2007ལོར་མངའ་རིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས། འཛུགས་སྐྲུན་ལས་གྲྭ་ཆར་རྗེས་ཀྱི་མྱུ་གུ་བཞིན་འབུས་པའི་སྐབས་སུ། ཚེ་རིང་རྒྱལ་པོས་གོ་སྐབས་དེར་དམ་འཛིན་བྱས་ནས་ལས་ཡུལ་དུ་སྐྱེལ་འདྲེན་ཁ་ལོ་བའི་ལས་ཀ་བཙལ་པ་རེད། ལམ་ཡུན་རིང་སྐྱོད་དགོས་པ་མ་ཟད་སྐབས་རེ་ཉིན་མཚན་ལོག་གི་ཡོད་མོད། འོན་ཀྱང་ཁོང་གིས་དཀའ་ལས་ཁྱད་དུ་བསད་ནས་ཅ་དངོས་ཚང་མ་བདེ་འཇགས་ངང་དབོར་གྱི་ཡོད་པས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་3ཙམ་བྱུང་ཡོད།

ཁེ་བཟང་བྱུང་བས་ཚེ་རིང་རྒྱལ་པོས་ལས་ཀ་དེ་ལོ་བཅུ་ལྷག་ཙམ་རྒྱུན་འཁྱོངས་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་གི་རོགས་རམ་འོག་ཡོང་འབབ་ལོ་རེ་ལས་ལོ་རེ་བཞིན་མང་དུ་སོང་སྟེ་དབུལ་སྒྲོལ་བྱུང་བ་མ་ཟད། ད་དུང་གྲོང་ཚོར་སྐད་གྲགས་ཡོད་པའི་ཕྱུག་པོའི་དུད་ཚང་དུ་གྱུར་ཡོད། སྐབས་དེ་དུས་ཁོང་གིས་གྲོང་ཚོའི་མང་ཚོགས་མི་ཉུང་བ་ཞིག་ལ་ལས་ཞུགས་ཀྱི་དཀའ་ངལ་ཡོད་པ་དང་ཡོང་འབབ་དམའ་པོ་ཡིན་པ་མཐོང་སྐབས། རང་ཉིད་ཀྱི་འཇོན་ཐང་ལ་བརྟེན་ནས་ཁོ་ཚོར་རོགས་རམ་བྱས་ཏེ་ཚང་མ་འབྱོར་འབྲིང་གི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུའི་སེམས་ཐག་བཅད།

ལོ་གཉིས་ཙམ་གྱི་གོང་། ཚེ་རིང་རྒྱལ་པོས་རྒྱ་སྨུག་གྲོང་ཚོའི་ཉེ་འགྲམ་གྱི་བྱེ་ར་འགན་གཙང་བླངས་ནས་གྲོང་ཚོ་དེ་གའི་མང་ཚོགས་7བཟོ་གྲྭའི་ལས་ཀར་བཅུག་པ་དང་། མི་རེར་ཟླ་རེར་གླ་ཆ་སྒོར་7500སྤྲོད་ཀྱི་ཡོད་པ་མ་ཟད། མང་ཚོགས་ཚོར་རང་སོ་སོའི་རླངས་འཁོར་བྱེ་རའི་སྐྱེལ་འདྲེན་ལ་ཞུགས་ནས་ཡོང་འབབ་དེ་བས་མང་བ་གསོག་དགོས་པའི་སྐུལ་སློང་བྱེད་ཀྱི་ཡོད། ཁོང་གིས་རང་འགུལ་ངང་གྲོང་ཚོའི་ཞིང་འབྲོག་པའི་སྒྲོག་འགྲེལ་བ་བྱས་ཏེ་སྔ་རྗེས་སུ་སྒྲོག་འགྲེལ་ཐེངས་10ལྷག་ཙམ་བྱས་ནས། ཚང་མར་རང་ཉིད་ཀྱི་ཕྱུག་འགྱུར་ཉམས་མྱོང་སྒེར་སེམས་མེད་པར་བསླབས་པ་རེད། 2019ལོའི་ཟླ་3པ་ཚུན་དུ། ཁོང་གིས་ད་དུང་གནས་གཏན་འཁེལ་གྱིས་གྲོང་ཚོའི་མི་ཧྲེང་རྒན་རྒོན་ཧྲེ་མཆོག་དབང་མོར་རོགས་རམ་བྱེད་ཀྱི་ཡོད་པ་དང་། ཁོང་ལ་རྟག་ཏུ་འཚོ་བའི་མཁོ་ཆས་བསྐྱལ་ནས་འཚོ་བར་སེམས་ཁྲལ་མེད་པར་བཟོ་གི་ཡོད། རིམ་ཁག་ཏང་ཨུད་སྲིད་གཞུང་གི་འགོ་ཁྲིད་དང་ཚེ་རིང་རྒྱལ་པོ་ལྟ་བུའི་ཕྱུག་འགྱུར་སྣེ་ཁྲིད་པའི་སྣེ་ཁྲིད་འོག་2017ལོར་རྒྱ་སྨུག་གྲོང་ཚོ་ཧྲིལ་པོ་དབུལ་ཞྭ་ཕུད་པ་རེད།

སླད་མར་ཚེ་རིང་རྒྱལ་པོས་འཛུགས་སྐྲུན་ཀུང་སི་ཞིག་བཙུགས་ནས་ཡོང་འབབ་མང་དུ་བཏང་སྟེ། མང་ཚོགས་དེ་བས་མང་བ་ཐེ་ཞུགས་བྱེད་དུ་བཅུག་ནས་འཕེལ་རྒྱས་ཀྱི་ཕན་པ་མཉམ་སྤྱོད་བྱེད་རྩིས་ཡོད། “ང་རང་ལ་ད་ཆའི་གྲུབ་འབྲས་འདི་ལྟ་བུ་ཐོབ་པ་ནི་ཏང་དང་སྲིད་གཞུང་གི་རོགས་སྐྱོར་ཤུགས་ཆེན་དང་ཁ་འབྲལ་ཐབས་མེད་པས། ངས་རང་ཉིད་ཀྱི་འཇོན་ཐང་ལ་བརྟེན་ནས་ཡུལ་མི་སྤུན་ཟླ་ཚོར་དྲིན་ལན་འཇལ་བ་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་ཏེ་ཚང་མ་མཉམ་དུ་ཕྱུག་པོ་ཆགས་པར་བྱེད་དགོས་ངེས་རེད”ཅེས་ཚེ་རིང་རྒྱལ་པོས་བཤད།