《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月19日

ནོར་བུ་དོན་གྲུབ་འཕྲལ་སྡོམ་དོ་དམ་ཐིང་དུ་བརྟག་ཞིབ་བཞུགས་མོལ་གནང་བར་ཕེབས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་17ཉིན་གནས་ཚུལ་འབྱོར་གསལ། ཚེས་16ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་དུ་བརྟག་ཞིབ་གནང་བར་ཕེབས་པ་དང་འབྲེལ། བརྙན་ལམ་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས། རང་སྐྱོང་ལྗོངས་འཕྲལ་སྡོམ་དང་། དམངས་སྲིད། ནོར་སྲིད། འགྲིམ་འགྲུལ། ས་ཡོམ། གནམ་གཤིས། མེ་ཟོན་སོགས་འབྲེལ་ཡོད་སྡེ་ཚན་དང་དེ་བཞིན་གྲོང་ཁྱེར་དང་ས་ཁུལ་ཁག་གི་འཕྲལ་སྡོམ་སྡེ་ཚན་གྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་སེལ་བའི་ལས་ཀའི་གནས་ཚུལ་སྙན་སེང་གསན་པ་སྦྲགས་མིག་སྔའི་འཕྲལ་སྡོམ་དོ་དམ་གྱི་གཙོ་གནད་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

ནོར་བུ་དོན་གྲུབ་ཀྱིས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་སེལ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཐོག་མཐའ་བར་གསུམ་ཨང་དང་པོར་འཇོག་པ་དང་། གནོད་འཚེའི་གནས་ཚུལ་ལ་གྲོས་མོལ་དབྱེ་ཞིབ་དང་ལྟ་ཞིབ་དང་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གནོད་འཚེའི་གྱོང་གུན་དང་གནས་ཚུལ་གཞིར་བཟུང་། དུས་ཐོག་ཏུ་འཕྲལ་སྡོམ་བརྡ་ལན་བྱེད་དགོས། མ་བྱུང་སྔོན་འགོག་མཐའ་འཁྱོངས་བྱས་ཏེ། ཐོན་ཁུངས་སྤྱི་བསྡོམས་དང་སྡེ་ཚན་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གེགས་སེལ་དངོས་ཟོག་གསོག་འཇོག་དོ་དམ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་གེགས་སེལ་དངོས་ཟོག་ནུས་ཆེའི་ངང་གཏོང་འདྲེན་ཐུབ་པའི་འགན་ལེན་བྱེད་དགོས། སྔོན་འགོག་གཙོ་བཟུང་དང་འགོག་རྒོལ་སྐྱོབ་གསུམ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་སེལ་བའི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། རྨང་གཞིའི་རང་བཞིན་གྱི་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། ལྗོངས་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་སེལ་བའི་ལས་དོན་ཁྲིམས་སྐྱོང་ཅན་དང་། ཚད་ལྡན་ཅན། དེང་རབས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་སེལ་བའི་ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

(པ་ཚེ་དང་དཀོན་སྒྲོལ་གྱིས་སྒྱུར་ཞུས་བྱས)