《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月19日

ནང་སར་འཁོར་ཞག་ཏུ་ལོག་པའི་རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པས་ཐག་ཉེ་ས་དང་ས་ཆ་དེ་རང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀར་ཞུགས་པ།

མཉམ་དུ་འཐབ་རྩོད་བྱས་ན་རིམས་ནད་ལས་རྣམ་པར་རྒྱལ་ངེས་ཡིན།

སྐྱིད་གྲོང་སྤྱི་བདེའི་མི་དམངས་ཉེན་རྟོག་པ་ཧྥེང་ཀྲེན། གང་དུ་རིམས་ནད་ཡོད་ན་དེ་གར་དམག་ས་ཡིན།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་བརྒྱབ་རྗེས། ནང་སར་འཁོར་ཞག་ཏུ་ལོག་པའི་རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པས་ཐག་ཉེ་ས་དང་ས་ཆ་དེ་རང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཀར་རང་འགུལ་ངང་ཞུགས་ཤིང་། ཁོང་ཚོས་ཐོག་མའི་བསམ་འདུན་ནམ་ཡང་གནས་པ་དང་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་བསྐྱོད་ནས། ཕ་ཡུལ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ཆེད་ལེགས་སྐྱེས་ཕུལ་ཏེ་དམིགས་བསལ་གྱི་ལས་གནས་ཐོག་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ཡོད།

འདི་ལོ་ལོ་25སླེབས་པའི་ཧྥེང་ཀྲེན་ནི། སན་ཡོན་རྫོང་ཤིས་དབྱང་གྲོང་རྡལ་ཀྲེང་ཧྥེང་གྲོང་ཚོ་ནས་ཡིན་པ་དང་། 2018ལོར་སློབ་གྲྭ་ཆེ་མོ་ཐོན་རྗེས་ཤེས་ལྡན་པ་ནང་འདྲེན་བརྒྱུད། སྐྱིད་གྲོང་སྤྱི་བདེ་ཅུས་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པ་ཞིག་ཏུ་གྱུར་བ་རེད།

ཧྥེང་ཀྲེན་དཔྱིད་གསར་དུས་ཆེན་གོང་ཕ་ཡུལ་དུ་འཁོར་ཞག་ཏུ་ལོག མ་གཞི་བྱས་ན་ལོ་གསར་བཏང་རྗེས་ལས་ཁུངས་སུ་ལོག་རྩིས་ཡོད། བསམ་ཡུལ་ལས་འདས་པ་ཞིག་ལ་གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱིས་ཁོང་ལས་གནས་ཐོག་ལོག་པའི་འཆར་གཞི་དཀྲུག

“ཕ་ཡུལ་གྱིས་ང་རང་གསོས་པ་དང་དམག་སྒར་གྱིས་ང་རང་གསོ་སྐྱོང་བྱས་བྱུང་། རིམས་ནད་ཐོན་པའི་དུས་སུ། གུང་ཁྲན་ཏང་ཡོན་ཞིག་དང་མི་དམངས་ཉེན་རྟོག་པ་ཞིག་ཡིན་པའི་ངོས་ནས། གང་དུ་རིམས་ནད་ཡོད་ན། དེ་གར་དམག་ས་ཡིན། རྩ་འཛུགས་ཀྱིས་ངའི་རེ་ཞུར་ཆོག་མཆན་གནང་རོགས”ཞེས་ཧྥེང་ཀྲེན་གྱིས་རང་འགུལ་ངང་ཀྲེང་ཧྥེང་གྲོང་ཚོའི་ཏང་ཀྲི་པུའུ་ལ་རིམས་འགོག་དམག་འཐབ་ནང་ཞུགས་རྒྱུའི་རེ་བ་ཞུས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀར་ཞུགས་པ་རེད།

རིམས་འགོག་དམག་འཐབ་ལ་ཞུགས་པའི་ཧྥེང་ཀྲེན་གྱི་རེ་འདུན་ནང་གཞིགས་ནས། ཀྲེང་ཧྥེང་གྲོང་ཚོའི་ཏང་ཀྲི་པུས་ཁོང་གི་རེ་ཞུ་དང་ལེན་བྱས་ཏེ་ཁོང་རིམས་ནད་འགོག་རྒོལ་གྱི་དམག་འཐབ་ནང་ཞུགས་རྒྱུའི་མོས་མཐུན་བྱས།

“སྐུ་ཁམས་བཟང་། གང་ནས་ཡོང་བ་ཡིན”ཞེས་དང་། “ཚ་བ་ལྟ་རྒྱུར་གཞོགས་འདེགས་བྱེད་རོགས། དམིགས་བསལ་དུས་སྐབས་སུ་ཁྱེད་ཀྱིས་བསམ་ཤེས་གནང་རོགས”“རླངས་འཁོར་ནས་བབས་ཏེ་ཐོ་འགོད་གནང་རོགས། ཁྱེད་ཀྱིས་གཞོགས་འདེགས་གནང་བ་ཐུགས་རྗེ་ཆེ”ཞེས་པ་སོགས། ཧྥེང་ཀྲེན་དང་བླངས་པ་ཞིག་ཡིན་པའི་ངོས་ནས། གྲོང་ཚོས་ཁོང་ལ་དཔྱད་ཞིབ་ནན་པོ་བྱས་མེད་མོད། འོན་ཀྱང་ཁོང་གིས་ཉིན་ལྟར་དུས་ཐོག་ཏུ་ཀྲེང་ཧྥེང་གྲོང་ཚོའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཞིབ་བཤེར་ས་ཚིགས་སུ་ལས་རེས་བྱེད་པར་བསྐྱོད་དེ་འགྲོ་འོང་བྱེད་མཁན་རླངས་འཁོར་དང་མི་སྣར་ཐོ་འགོད་ཞིབ་བཤེར་བྱེད་པ་དང་། དུག་སེལ་དང་ནད་འབུ་གསོད་པ། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་གཙོ་གནད་མི་སྣ་གྲལ་བཤེར་ཞིབ་ཚགས་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་གི་རྩ་གཉིས་ཨང་རྟགས་བཤེར་སྟངས་སློབ་པ། རིམས་ནད་སྔོན་འགོག་གི་ཤེས་བྱ་སྒྲོག་འགྲེལ་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་གི་མེད་པ་རེད།

གསར་འགོད་པ་ཤན་ཀན།

ཝུའུ་ཧན་གྱི་རིམས་འགོག་གཏམ་རྒྱུད་ཡག་པོ་ཤོད་རྒྱུ་ཡིན།

“ང་རང་སྟབས་བསྟུན་སྨན་ཁང་དུ་སྐྱོད་པའི་ལམ་དུ་ཡོད”ཅེས་ཟླ་2ཚེས་27ཉིན་གྱི་སྔ་དྲོའི་ཆུ་ཚོད་9པར། ཤན་ཀན་གྱིས་ལས་གྲོགས་དང་སྐད་འཕྲིན་ནས་གླེང་མོལ་བྱེད་སྐབས་འདི་ལྟར་བརྗོད། དེ་གོང་། ཁོང་ཧོ་ཧྲེན་ཧྲན་སྨན་ཁང་དུ་བཅར་འདྲི་བྱེད་པར་ཐེང་དགུ་བསྐྱོད་པ་དང་། ཧོ་ཧྲེན་ཧྲན་སྨན་ཁང་དུ་བཅར་འདྲི་བྱེད་པར་སྐྱོད་ཐེངས་མང་བས་ཚང་མས་ཁོང་ལ“ཧོ་ཧྲེན་ཧྲན་གྱི་གསར་འགོད་པ”ཅེས་འབོད་ཀྱི་ཡོད།

2013ལོའི་ཟླ་9པར། ཤན་ཀན་བོད་ལྗོངས་སློབ་ཆེན་དུ་རྒྱུགས་འཕྲོད་པ་དང་། སློབ་གྲྭ་ཐོན་རྗེས་མི་དམངས་ཉིན་རེའི་ཚགས་པར་ཁང་བོད་ལྗོངས་ཡན་ལག་ཁང་དུ་གསར་འགོད་པ་བྱས། འདི་ལོའི་ཟླ་དང་པོར། ཤན་ཀན་ཝུའུ་ཧན་དུ་སྤུན་མཆེད་ཐུག་པར་སྐྱོད་སྐབས། ཛ་དྲག་ཆེ་བའི་ཏོག་གསར་གློ་ཚད་རིམས་ནད་ཐོན་པའི་སྐབས་དང་འཁེལ་བས། ཁོང་གི“གསར་འགྱུར་འཐབ་ས”དེ་ཝུའུ་ཧན་དུ་བསྒྱུར་བ་རེད།

ཝུའུ་ཧན་གྲོང་ཁྱེར་སྒོ་སྡོམ་བྱས་རྗེས། ཤན་ཀན་གྱིས་ས་གནས་དེའི་ཟོག་གོང་དང་དངོས་ཟོག་མཁོ་སྤྲོད་གནས་ཚུལ་ལ་དོ་ཁུར་བྱེད་འགོ་ཚུགས་ཤིང་། ཉིན་ཁ་ཤས་བསྟུད་མར། ཁོང་གིས་སྔོ་ཚལ་གྱི་རིན་གོང་ཟིན་ཐོ་འགོད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཝུའུ་ཧན་གྲོང་ཁྱེར་ནང་གི་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་ར་གཉིས་སུ་བཅར་འདྲི་བྱེད་པར་ཐེངས་མང་བསྐྱོད་པས་ཚལ་འཚོང་མཁན་དང་འདྲིས་པོ་ཆགས། ཟླ་1ཚེས་30ཉིན། ཧོ་ཧྲེན་ཧྲན་སྨན་ཁང་དུ་བཅར་འདྲི་བྱེད་པར་ཐེངས་དང་པོ་བསྐྱོད་པ་དང་། ཟླ་2ཚེས་15ཉིན་བར་ཧོ་ཧྲེན་ཧྲན་སྨན་ཁང་དུ་བཅར་འདྲི་བྱེད་པར་ཐེངས་9བསྐྱོད་ཅིང་། ཁོང་གིས་ཧོ་ཧྲེན་ཧྲན་སྨན་ཁང་ལ་བཅར་འདྲི་བྱེད་པར་སྐྱོད་རིམ་བཞིན་སྨན་ཁང་དུ་བྲེལ་འཚུབ་ཆེ་བའི་རྣམ་པས་ཁེངས་པ་དང། ཨར་སྐྲུན་ལས་བཟོའམ་ཡང་ན་སྨན་དོན་མི་སྣ་སུ་ཞིག་ཡིན་རུང་། ཚང་མས་གོམ་སྟབས་མགྱོགས་ཏུ་བཏང་ནས་དུས་ཚོད་དང་འགྲན་བརྩོད་བྱེད་བཞིན། འགོས་ནད་འགོག་བཅོས་བྱེད་ཀྱི་ཡོད་ཅེས་བརྗོད།

བོད་དུ་ལས་ཀ་བྱས་ནས་ལོ་3སོང་རིང་། ཤན་ཀན་རྫོང(གྲོང་ཁྱེར་དང་ཆུས)52ལ་སྐྱོད་མྱོང་ཡོད། ཁོང་གིས་ཡུན་རིང་བོད་དུ་ལས་ཀ་བྱས་པས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱི་ཤུགས་རྐྱེན་ཟབ་མོ་ཐེབས་ནས་ངས་དེ་བས་སྡུག་བསྲན་དང་། བཟོད་བསྲན། དམག་འཐབ། མཐུན་སྒྲིལ། ལེགས་སྐྱེས་འབུལ་བ་བཅས་ཐུབ་བྱུང་ཞེས་བརྗོད།

ད་ཐེངས་རིམས་ནད་ཀྱི་འཐབ་ས་དང་པོའི་གསར་འགྱུར་སྤེལ་གཏོང་གི་ལས་དོན་དཀའ་ཚེགས་ཆེ་བ་དང་ལས་འབོར་མང་བས། སྐབས་འགར་ཐོ་རེངས་ཆུ་ཚོད་གསུམ་པ་བཞི་པའི་སྐབས་གཞི་ནས་ངལ་གསོ་ཐུབ་པ་དང་། ཉིན་གཉིས་པའི་ཞོགས་པ་སྔ་པོ་ནས་སླར་ཡང་བཅར་འདྲི་བྱེད་པར་བསྐྱོད་དགོས་ཀྱི་ཡོད། ཁོང་གིས། དཀའ་ལས་ཁག་བྱུང་ལ་སེམས་ཀྱང་སྐྱིད་པོ་བྱུང་། “ངས་སྨན་དོན་མི་སྣ་བཞིན་ནད་པ་སྐྱོབ་མི་ཐུབ་རུང་། གསར་འགོད་པའི་འཐབ་ས་ནི་གསར་འགྱུར་སྤེལ་ཡུལ་ཡིན། ང་ནི་ཏང་གི་ཚགས་པར་གྱི་གསར་འགོད་པ་ཞིག་ཡིན་པས“སྤྱོད་དྲང་ལྡན་དགོས་ལ། གསར་འགྱུར་རྩོམ་ཡིག་ཀྱང་སྤེལ་དགོས”ཞེས་བརྗོད། (དཀོན་སྒྲོལ་གྱིས་བསྒྱུར། པ་ཚེས་ཞུས)