《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月18日

དམངས་ཕན་སྲིད་ཇུས་ཡང་ཡང་བཏོན། དམངས་འཚོའི་གཏོང་སྒོ་རིམ་པས་སྤྲད།

དམངས་འཚོའི་དོན་དངོས་ཀྱིས་བདེ་སྐྱིད་ལྡན་པའི་རང་མདངས་མངོན།

2019ལོར་ཕྱིར་མིག་ལྟ་སྐབས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་བདེ་སྡུག་སེམས་སུ་འཇོག་པ་དང་། དམངས་འཚོའི་ཁྱབ་ཁོངས་ཀྱི་ཞན་ཆ་སེལ་བར་སྔར་བས་དོ་ཁུར་བྱེད་པ། དམངས་ཕན་སྲིད་ཇུས་རེ་རེ་བཞིན་གཅིག་རྗེས་གཉིས་མཐུད་ངང་འདོན་པ། དམངས་འཚོའི་གཏོང་སྤྲོད་རེ་རེ་བཞིན་དོན་འཁྱོལ་བཅས་བྱས་ནས་དམངས་འཚོའི་དོན་དངོས་ཀྱིས་མི་སེམས་དྲོད་པར་བྱས་ཡོད།

བསྡོམས་རྩིས་བྱས་པར་གཞིགས་ན། 2019ལོར་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གནས་ཁྲི་6ལྷག་ཙམ་གསར་དུ་བཏོད་པས་མི་ཁྲི་2.3ལས་ཞུགས་ཐུབ་པ་དང་། ཞིང་འབྲོག་པ་ཁྲི་57.1ལས་ཞུགས་གཞན་སྒྱུར་ཐུབ་པ། ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་34.8ཙམ་བྱུང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3%ནང་ཚུན་དུ་སླེབས་ཡོད། རྫོང་ཁོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་བྱེད་འགོ་ཚུགས་ཏེ་རྫོང་དང་ཤང་གཞི་གཅིག་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་དང་། “དྲ་སྦྲེལ+སྨན་བཅོས་བདེ་ཐང”སྨན་ཁང་20%ལྷག་ཙམ་ལ་ཁྱབ་པ། རྒྱལ་ཁབ་རིམ་པའི་བོད་ཀྱི་གསོ་བ་རིག་པའི་ཁྱབ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་3བསྐྲུན་པ། དམངས་ཡོངས་འགན་བཅོལ་ལ་ཞུགས་པ་ལག་ལེན་གཏིང་ཟབ་བསྟར་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་འགན་བཅོལ་སྤྱི་འདོམས་ལ་སྐུལ་འདེད་བཏང་བས་སྤྱི་ཚོགས་ཀྱི་འགན་བཅོལ་སྣ་ཚོགས་ལ་ཞུགས་མཁན་མི་ཐེངས་ཁྲི་658ཟིན་ཡོད།

དམངས་འཚོའི་གཞི་རྩ།

ལས་ཞུགས་སྔར་བས་འདང་ངེས་དང་ལས་གཏོད་སྤུས་ཚད་མཐོ་བ།

ཏང་དང་སྲིད་གཞུང་གི་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་བཟང་པོའི་འོག ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ས་སྒང་ཤང་གི་སྣང་སྐྱིད་ཚེ་མཚོ་བོད་ལྗོངས་སློབ་ཆེན་ཐོན་རྗེས་གཞུང་ཞབས་པ་ཞིག་ལ་གྱུར་མོད། འོན་ཀྱང་རང་ཉིད་ཀྱི་ཕུགས་འདུན་དོན་གཉེར་བྱ་ཆེད་གཞུང་ཞབས་པའི་ལས་གནས་ནས་ཕྱིར་འཐེན་བྱས་ཏེ་2018ལོར་བོད་ལྗོངས་ཞོལ་ལུང་གློག་རྡུལ་ཚོང་དོན་ཚད་ཡོད་ཀུང་སི་བཙུགས། ཀུང་སིས་སྔ་རྗེས་སུ་ཆབ་མདོ་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མ་20བསྡུས་ནས་མཐོ་སློབ་སློབ་ཐོན་སློབ་མ་8དང་ལས་གཏོད་མཉམ་ལས་ཀྱི་འདོད་འདུན་ཡི་གེ་བཞག་པ་རེད། སྣང་སྐྱིད་ཚེ་མཚོས་ལས་གཏོད་བྱས་ནས་ལས་ཞུགས་ཐུབ་པ་མ་ཟད་མཐོ་སློབ་སློབ་ཐོན་སློབ་མ་གཞན་དག་ཀྱང་ལས་ཞུགས་ཐུབ་ཐབས་བྱས་ཡོད།

རང་སྐྱོང་ལྗོངས་ཀྱིས་འཐུས་སྒོ་ཚང་བའི་སྲིད་ཇུས་མ་ལག་བཙུགས་པ་དང་སྲིད་ཇུས་ཀྱི་ཁྲིམས་སྲོལ་རབ་དང་རིམ་པ་བཏོན་ནས་མཐོ་སློབ་སློབ་ཐོན་སློབ་མ་ཁེ་ལས་སུ་ལས་ཞུགས་དང་། ལྗོངས་ཕྱིར་ལས་ཞུགས། གཞི་རིམ་དུ་ལས་ཞུགས། རང་མོས་ལས་ཞུགས་བཅས་ལ་སྐུལ་མ་བཏང་བ་དང་། ལྗོངས་ཕྱི་ནང་གཉིས་ཀྱི་ལས་ཞུགས་ཀྱི་ཐབས་ལམ་ཤར་གཏོང་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་དང་འཚམ་པའི་ལས་ཞུགས་ལས་གནས་གསར་སྤེལ་ཤུགས་ཆེན་བྱས་པ། གདན་ཞུའི་ཞབས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ཡོངས་ཀྱི་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མའི་ཆེད་ལས་ཀྱི་རིགས་དབྱེ་ནས་མི་དང་ལས་གནས་སྦྲེལ་མཐུད་དང་གནད་སྨིན་འོས་སྦྱོར་བྱས་པ། དྲིལ་བསྒྲགས་ཀྱི་ཁྲིད་སྟོན་སློབ་གྲྭ་དང་། ཁེ་ལས། ཞིང་འབྲོག་ཁུལ། ཁྱིམ་ཚང་བཅས་ལ་ཡོངས་ཁྱབ་ཐུབ་པ་བྱས་ཏེ་བྱེད་ཐབས་སྣ་མང་བརྒྱུད་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་དྲིལ་བསྒྲགས་བྱས་ནས་ལས་ཞུགས་ཀྱི་འདུ་ཤེས་སྒྱུར་བ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།

སྨན་བཅོས་བྱ་གཞག

ཞབས་འདེགས་ཀྱི་སྤུས་ཚད་སྔར་བས་ལེགས་སུ་སོང་བ།

ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་ར་ཤང་རྫོང་ཞོལ་གྲོང་ཚོའི་གྲོང་མི་གཡང་སྐྱིད་ཀྱིས་མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གི་ཨང་ཀི་བཀག་སར“ཐོབ་ཐང་ལག་ཁྱེར་དང་སྐད་འཕྲིན་སྤྱད་དེ་སྒོ་བསྟེན་སྨན་ཁང་གི་ཚོམས་ཆེན་དུ་རང་འདེམས་ཨང་ཀི་བཀག་པའི་འཕྲུལ་ཆས་ནས་ཨང་ཀི་བཀག་ཆོག་པས་དེ་སྔོན་ལས་སྟབས་བདེ་རུ་ཕྱིན་འདུག”ཅེས་བརྗོད།

2019ལོར་ལྗོངས་ཡོངས་ཀྱིས་རྫོང་ཁོངས་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་བྱེད་འགོ་བཙུགས་ཏེ་རྫོང་དང་ཤང་གཞི་གཅིག་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་དང་། གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་བ། ཤང་དང་གྲོང་རྡལ་96ལ་གཞི་རིམ་སྐོར་སྐྱོད་སྨན་བཅོས་ཀྱི་ལས་དོན་སྤེལ་བ། སྨན་དོན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་སྣེ་ཁྲིད་འོག་སྨན་བཅོས་ཞབས་འདེགས་སྤུས་ཚད་ཇེ་ལེགས་སུ་སོང་བ། “དྲ་སྦྲེལ+སྨན་བཅོས་བདེ་ཐང”སྨན་ཁང་20%ཡན་ལ་ཁྱབ་པ། བོད་ཀྱི་གསོ་བ་རིག་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་མྱུར་པོ་བཏང་སྟེ་རྒྱལ་ཁབ་རིམ་པའི་བོད་ཀྱི་གསོ་བ་རིག་པའི་ཁྱབ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་3བཙུགས་པ། ནད་གཞི་ཚབས་ཆེན་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་བ། བུད་མེད་མི་ཐེངས་ཁྲི་9ཙམ་ལ“འབྲས་སྐྲན་གཉིས”ཀྱི་འཐེན་བཤེར་ལས་དོན་སྤེལ་བ། འདུས་འདྲིལ་གཅོང་ནད་དང་མཆིན་ཚད་སོགས་གཅོང་ནད་འཐེན་བཤེར་འགོག་བཅོས་ཀྱི་ལས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ། ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་ལོ་གསུམ་གྱི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པའི་སྒོ་ནས་ལེགས་སྒྲུབ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ལམ་དུ་ཐུམ་འབུའི་ནད་རྩ་བ་ནས་མི་ཐོན་པའི་རྔམ་བརྗིད་ལྡན་པའི་དམ་བཅའ་དོན་འཁྱོལ་བྱས་ཡོད།

སྤྱི་ཚོགས་འགན་ལེན།

མང་ཚོགས་ཀྱི་སྐྱིད་ཚོར་དང་ཐོབ་ཚོར་སྔར་བས་ཆེ་རུ་སོང་བ།

2019ལོའི་ལོ་མཇུག་ཏུ“ལྷོ་ནུབ་ཡུག་ཁུལ་གྱི་ཞིང་ཆེན་ལས་བརྒལ་བའི་སྒོ་བསྟེན་སྨན་བཅོས་ཀྱི་སྨན་རིན་ཐད་ཀར་རྩིས་རྒྱག་ཆོག་པའི”ཆ་འཕྲིན་ཡོངས་བསྒྲགས་བྱས་པས་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དགའ་ཚོར་ཆེན་པོ་བྱུང་ཞིང་། ཚང་མས་དེས་རང་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་ཐེབས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཏན་ཏིག་ཚོར་སྲིད་ཅེས་བརྗོད།

“ལྷོ་ནུབ་ཡུག་ཁུལ་གྱི་ཞིང་ཆེན་ལས་བརྒལ་བའི་སྒོ་བསྟེན་སྨན་བཅོས་ཀྱི་སྨན་རིན་ཐད་ཀར་རྩིས་རྒྱག་ཆོག་པའི་སྲིད་ཇུས་འདི་ཧ་ཅང་ཡག་པོ་འདུག དེ་ལྟར་བྱས་ཚེ་རང་ཉིད་རྒན་ཡོལ་ཞུས་རྗེས་སི་ཁྲོན་དུ་སྨན་བཅོས་བྱ་ཆོག་ལ་ཡུན་ནན་དུའང་སྨན་བཅོས་བྱ་ཆོག”གཏམ་བཟང་འདི་ཐོས་རྗེས་ཕ་ཡུལ་ནང་སར་ཡོད་པ་དང་རྒན་ཡོལ་ཞུས་རྗེས་སི་ཁྲོན་དུ་གཞིས་ཆགས་འདོད་པའི་བོད་ཀྱི་ལས་བྱེད་པ་ཧའོ་ལེའི་ཡིས་དགའ་ཚོར་ཆེན་པོས“ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོའི་དོན་དངོས་འདི་ཡག་པོ་ཏན་ཏིག་སྒྲུབ་པའི་རེ་བ་ཡོད་ལ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱེད་པ་དང་བསྟུན་ནས་ཚང་མར་ཕན་པ་དེ་བས་མང་བ་འཐོབ་པའི་ཡིད་ཆེས་ཡོད”ཅེས་བརྗོད།

(པད་ཆོས་ཀྱིས་བསྒྱུར། ཉི་དོན་དང་པད་ཆོས་ཀྱིས་ཞུས)