《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月17日

འགན་འཁྲི་འཁུར་ཕོད་པ་བྱས་ཏེ་དུས་བདེ་བཏོད་པ།

—— ལྷོ་ཁ་གྲོང་ཁྱེར་གྱི་ཕྱོགས་བསྡུས་བཅོས་སྐྱོང་གསར་གཏོད་དང་དུས་བདེ་འཛུགས་སྐྱོང་གི་ལས་དོན་སྐོར་རགས་ཙམ་བཀོད་པ།

སྲ་ཞིང་བརྟན་པའི་དུས་བདེའི་འཛིང་རགས་བསྐྲུན་པ།

ལྷོ་ཁ་གྲོང་ཁྱེར་གྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་གྱིས། 2019ལོ་ཚུན་དུ། “ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱེད་པ་དང་། ཆབ་སྲིད་བདེ་འཇགས་སྲུང་སྐྱོང་ཨང་དང་པོར་འཇོག་པ། ཁ་ཕྲལ་དང་། འཇིགས་སྐུལ། མུག་ཟོས་བཅས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཙོ་གནད་དུ་བྱེད་པ། གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་འགན་ལེན་དུ་བྱེད་པ”བཅས་མཐའ་འཁྱོངས་བྱས་ཏེ། བདེ་འཇགས་འཛུགས་སྐྱོང་སྤྱི་ཚོགས་ཅན་དང་། ཁྲིམས་སྐྱོང་ཅན། རིག་ནུས་ཅན། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་དུས་བདེ་དང་ཞི་མཐུན་བརྟན་ལྷིང་འགན་ལེན་བྱས་ཡོད།

ཇི་ལྟར་བྱས་ཏེ་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ཆེ་རུ་གཏོང་རྒྱུ་ནི་སྤྱི་ཚོགས་བདེ་འཇགས་སྔོན་འགོག་ཚོད་འཛིན་གྱི་བརྗོད་གཞི་ཨང་དང་པོ་དེ་རེད། ལྷོ་ཁ་གྲོང་ཁྱེར་གྱིས“ཕྱོགས་བསྡུས་ཅན་གྱི་སྔོན་འགོག་ཚོད་འཛིན”ལ་བརྟེན་ནས་ལན་བཏབ་པ་སྟེ། དུས་བདེ་འཛུགས་སྐྱོང་གི་ལས་དོན་ཕྱོགས་ཡོངས་དང་ཞིབ་ཚགས་ངང་སྤེལ་ནས་སྲ་ཞིང་བརྟན་པའི་དུས་བདེའི་འཛིང་རགས་ཤིག་བསྐྲུན་པ་དེ་རེད།

ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ཤང(གྲོང་རྡལ)དང་གྲོང་ཚོ(གྲོང་ལྷན)ཚང་མར་མི་དམངས་འདུམ་འགྲིག་ཨུ་ལྷན་བཙུགས་ཏེ་དྲོ་སྐྱིད་ལྡན་པའི་འདུམ་འགྲིག་ཁང་བཀོད་སྒྲིག་བྱས་ཡོད།

ལྷོ་ཁ་གྲོང་ཁྱེར་གྱིས་མཐའ་མཚམས་ཀྱི་དོ་དམ་ཚོད་འཛིན་བྱེད་ཐབས་གསར་གཏོད་བྱས་ཏེ“མཐའ་བརྟན་དམངས་ཕྱུག”གི་འདུ་འགོད་ལག་བསྟར་དང་། མཐའ་མཚམས་ཀྱི“ཏང་འཛུགས་སྐྱོང་གི་བར་ཁྱམས”བསྐྲུན་པ། མཉམ་འགོག་མཉམ་བཅོས་བཅས་བྱས་ཏེ། མཐའ་མཚམས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ཡོད། དེའི་ནང་ལྷུན་རྩེ་རྫོང་གིས་ཏང་སྲིད་དམག་ཉེན་དམངས་བཅས་ཀྱི་མཉམ་འབྲེལ་མཐའ་སྲུང་གི་ནུས་པ་འདོན་སྤེལ་བྱས་པ་དང་། མཚོ་སྣ་རྫོང་གིས་མཐའ་མཚམས་ཀྱི་འཐབ་ས་དང་པོའི་མང་ཚོགས་ཚོར་རྒྱལ་གཅེས་མཐའ་སྲུང་གི་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པ་བརྒྱུད་ཕྱུགས་རྭ་སྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད།

གྲངས་གཞི་ཆེན་པོ་སྤྱད་དེ་སྤྱི་ཚོགས་བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་ནི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་ཞིང་། 2019ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་8615བཏང་བ་དེ་དག“དཀར་གསལ་འདུ་འགོད”ལ་སྤྱད་པ་དང་འབྲེལ། 2019ལོའི་ཟླ་6པར་གྲོང་ཁྱེར་རིམ་པའི་བརྟན་ལྷིང་སྲུང་སྐྱོང་གི་སྟབས་བསྟུན་སྔོན་བརྡའི་དཔྱད་དཔོག་མ་ལག་གི་གསང་འཕྲིན་ཆེ་མོའི་ལས་སྟེགས་ཀྱང་བསྐྲུན་ཏེ། ཉེན་བརྡ་སྔོན་འགོག་དང་། རྡུང་རྡེག་ནུས་ལྡན། ཕྱོགས་ཡོངས་ནས་དོ་དམ་ཚོད་འཛིན། ཕྱོགས་བསྡུས་བཅོས་སྐྱོང་བཅས་ཀྱི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་བཏང་ཡོད།

དུད་སྦྲེལ་གཏོད་འཛུགས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་བ།

2019ལོའི་ཚུན་དུ་ལྷོ་ཁ་གྲོང་ཁྱེར་གྱིས“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འཛུགས་བྱེད་སྒོ་དེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་། མཐའ་བརྟན་དམངས་ཕྱུག་འདུ་འགོད། གྲོང་ཁྱེར་དང་གྲོང་རྡལ་དྲ་མིག་ཅན་གྱི་དོ་དམ་སོགས་དང་ཟུང་འབྲེལ་ནུས་ལྡན་བྱས་ཏེ། ཞིང་འབྲོག་ཁུལ་དང་། མཐའ་མཚམས་ས་ཁུལ། གྲོང་ཁྱེར་དང་གྲོང་རྡལ་བཅས་ལ་རིགས་དབྱེ་དོ་དམ་བྱ་རྒྱུ་གཞིར་བཟུང་། ཕྱོགས་མི་དང་ཡུལ་གཞན་དུ་གནས་སྤོས་དུད་ཚང་ཚང་མ“་གཉིས་ལྡན་དུད་སྦྲེལ”ཞབས་ཞུའི་དོ་དམ་ཁྱབ་ཁོངས་ནང་བཅུག་པ་མ་ཟད། དྲ་སྦྲེལ་རྣམ་པའི“གཉིས་ལྡན་དུད་སྦྲེལ”གྱི་གྲངས་གཞིའི་དོ་དམ་གཉེན་ཆས་གསར་སྤེལ་ཡང་བྱས་པ་དང“གཉིས་ལྡན་དུད་སྦྲེལ”གྱི་ཆ་འཕྲིན་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་དུད་སྦྲེལ་གཏོད་འཛུགས་ཀྱི་ལས་དོན་རྒྱུན་མཐུད་གཏིང་ཟབ་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད།

དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལྷོ་ཁ་གྲོང་ཁྱེར་གྱིས་ལས་དོན་སྒྲུབ་སྟངས་ཟམ་མི་ཆད་པར་གསར་གཏོད་བྱས་ནས་ལས་དོན་སྣ་ཚོགས་ནང་ཞུགས་པའི“གཉིས་ལྡན་དུད་སྦྲེལ”གྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་ནུས་པ་ཆེ་རུ་བཏང་ཡོད།

མིག་དཔེའི་ནུས་པས་མི་རྣམས་དཔྱིད་དཔལ་ལ་རོལ་བ་བཞིན་མང་ཚོགས་ཀྱི་ཧུར་སེམས་འཕེལ་ཞིང་། འཕྱོངས་རྒྱས་རྫོང་ཚོགས་རྒྱལ་གྲོང་ཚོའི་དུད་སྦྲེལ་ཚན་པ་གསུམ་པའི་དུད་སྦྲེལ་སྤྱི་མི་ཉི་མ་2019ལོར་ལྗོངས་ཡོངས་ཀྱི“ཁྲིམས་སྐྱོང་མི་སྣ་བཅུའི”གྲས་སུ་བདམས་ཐོན་བྱུང་བ་དེས་དུད་སྦྲེལ་སྤྱི་མི་ཡོངས་ལ་མིག་དཔེ་ཡག་པོ་ཞིག་བསྟན་ཡོད་ལ། མང་ཚོགས་ཚོ“གཉིས་ལྡན་དུད་སྦྲེལ”གྱི་ཞབས་ཞུ་དོ་དམ་གྱི་ལས་དོན་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་མ་ཐེབས་པ་དང་། བདེ་འཇགས་སྐོར་གཡེང་དང་། མཐའ་སྲུང་སྐོར་གཡེང་། འགལ་ཟླ་འདུམ་འགྲིག ཁྲིམས་སྐྱོང་དྲིལ་བསྒྲགས། སྲིད་ཇུས་དྲིལ་བསྒྲགས། ཕན་ཚུན་རོགས་རེས་སོགས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་རྒྱུར་ཡང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད།

ནག་སེལ་གཤེད་བཅོམ་གྱི་ཕན་འབྲས་མངོན་གསལ་དོད་པ།

ལྷོ་ཁ་གྲོང་ཁྱེར་གྱིས་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་དེ་མིག་སྔའི་ཕྱོགས་བསྡུས་བཅོས་སྐྱོང་དང་དུས་བདེ་འཛུགས་སྐྱོང་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ་གྲོང་ཁྱེར་ཡོངས་ཀྱི་ནུས་ཤུགས་གཅིག་ཏུ་བསྡུས་ནས“གདུགས་ཕུབ་དྲ་གཏོར”མཐའ་འཁྱོངས་ཀྱིས། ཁུངས་སྣེ་གྲལ་བཤེར་ལ་ཤུགས་སྣོན་དང་། ཁྲིམས་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་པར་ཕན་འབྲས་ཏན་ཏིག་ཐོབ་པ་མ་ཟད། རྒྱ་ཆེའི་མང་ཚོགས་ཀྱི་རྒྱབ་སྐྱོར་དང་བསྔགས་བརྗོད་ཀྱང་ཐོབ་ཡོད།

མང་ཚོགས་ལ་བདེ་སྐྱིད་དང་ཕྱོགས་གཅིག་ལ་དུས་བདེ་སྐྲུན་ཆེད། 2019ལོ་ཚུན་དུ་ལྷོ་ཁ་གྲོང་ཁྱེར་གྱིས་ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་པའི་ཆོད་སེམས་དང་སྙིང་རུས་ལ་བརྟེན་ཏེ་དུས་བདེ་འཛུགས་སྐྱོང(ཕྱོགས་བསྡུས)གི་ལས་དོན་དང་། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འཛུགས་ཀྱི་བྱེད་སྒོ། ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་སོགས་ཀྱི་ལས་དོན་ནན་ཏན་ངང་སྤེལ་ཏེ་གྲོང་ཁྱེར་ཡོངས་ཀྱི་མི་དམངས་བདེ་སྡོད་ལས་བརྩོན་ཆེད་སྲ་ཞིང་བརྟན་པའི་རྒྱབ་རྟེན་བསྐྲུན་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སྔར་བས་ཆེ་རུ་བཏང་བ་རེད།

(པད་ཆོས་ཀྱིས་བསྒྱུར། ཉི་དོན་དང་པད་ཆོས་ཀྱིས་ཞུས)