《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月17日

འཐབ་ས་དང་པོར་སྐྱོད་མཁན་ཚོའི་གཟུགས་བརྙན་ང་ཚོས་བརྗེད་ག་ལ་སྲིད།

ལོ་གསར་པ་ཤར་མ་ཐག་ཏོག་གསར་གློ་ཚད་ཀྱི་རིམས་ནད་རྒྱལ་ཡོངས་སུ་ཁྱབ་ཅིང་། ཟླ་1ཚེས་30ཉིན་ཕྱི་ནས་འགོས་པའི་རང་ལྗོངས་ཀྱི་ཏོག་གསར་གློ་ཚད་ཀྱི་ནད་པ་འབའ་ཞིག་དེའི་ནད་གཞི་གཏན་འཁེལ་བྱས་པ་རེད།

རིམས་ནད་ནི་དམག་འཐབ་ཀྱི་བཀའ་རྒྱ་ཡིན་པ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་དགོས་པས་བོད་ཀྱིས་འཕྲལ་མར་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་རིམ་པ་དང་པོའི་བརྡ་ལན་ཞུས་པ་རེད།

ཧྭ་ཏེ་སྨི་ལས་ཀ་བྱེད་སའི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་ནི་རང་སྐྱོང་ལྗོངས་རིམ་པའི་ཏོག་གསར་གློ་ཚད་ཀྱི་དམིགས་འཛུགས་སྐྱོབ་བཅོས་སྨན་ཁང་ཡིན་པས་རིམས་འགོག་དམག་འཐབ་དེའི་འཐབ་ས་དང་པོར་གྱུར་ཡོད། རིམས་ནད་ཐོན་ཚུན། ཧྭ་ཏེ་སྨི་ཡིས་བོད་ཀྱི་ཏོག་གསར་གློ་ཚད་ནད་པ་དང་པོའི་སྨན་བཅོས་སྐྱོབ་བཅོས་ཚོགས་པའི་འགན་འཁུར་བ་རེད། གང་ཡིན་ཞེ་ན་ཁོང་ནི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་གློ་ནད་ཚན་ཁག་གཉིས་པའི་ཀྲུའུ་རེན་ཡིན།

ནད་པ་དེ་བོད་དུ་མ་ཡོང་གོང་། རང་སྐྱོང་ལྗོངས་རིམ་པའི་སྐྱོབ་བཅོས་སྨན་ཁང་ཡིན་པའི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པས་སྔོན་ནས་རླུང་གནོན་དམའ་བའི་ནད་ཁང་བཀོད་སྒྲིག་བྱས་པ་དང་མི་སྣ་ཧྲིལ་པོའི་འགོག་སྲུང་བརྒྱུད་རིམ་ལ་ཡང་ནང་སྦྱོང་བྱས་ཟིན། “དེར་བརྟེན་སྐྱོབ་བཅོས་ལས་དོན་ཐད་ང་ཚོར་གདེང་ཚོད་ཆེན་པོ་ཡོད། ནད་པ་ཐོག་མ་དེ་གང་ནས་ཡིན་རུང་། ཁོང་སྐྱོབ་ཐུབ་པ་བྱ་རྒྱུ་ནི་ང་ཚོ་སྨན་དོན་པ་ཚོའི་རེ་འདུན་ཆེ་ཤོས་དེ་ཡིན།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) དེས་ཀྱང་བོད་ཀྱི་རིམས་འགོག་ལས་དོན་ལ་རེ་བ་སྦྱིན་ཐུབ་ལ་ཡིད་ཆེས་ཀྱང་འཕེལ་ཐུབ”ཅེས་ཁོང་གིས་བརྗོད་བྱུང་།

ནད་པ་ཐོག་མ་དེ་སྨན་ཁང་དུ་བསྡད་རྗེས། ཧྭ་ཏེ་སྨིས་སྐྱོབ་བཅོས་ཚོགས་པའི་སྨན་དོན་འགན་སྲུང་མི་སྣ་ཚོ་དང་སྨན་ཁང་དུ་མཉམ་ཟ་མཉམ་སྡོད་བྱས་ཤིང་། ཉིན་20ཙམ་རིང་ཆ་སྙོམས་ལོ་35ཡིན་པའི་སྐྱོབ་བཅོས་ཚོགས་པའི་སྨན་པ་ཚོས་ལས་ཀའི་རྣམ་འགྱུར་ལེགས་ཤོས་ལ་བརྟེན་ནས་་ནུས་ཤུགས་ཡོད་རྒུས་ནད་པ་ཐོག་མའི་སྐྱོབ་བཅོས་ལས་དོན་ནང་ཞུགས་པ་རེད། ཚད་ལྡན་དང་ཚན་རིག་དང་མཐུན་པའི་སྨན་བཅོས་དང་ནད་སྐྱོང་བྱེད་ཞོར་དུ་དེ་ལྟ་བུའི་སྨན་བཅོས་ནད་སྐྱོང་ལས་གཞན་ཡུལ་ནས་ཡིན་པའི་ནད་པ་དེར་སེམས་ཁམས་ལ་དྲོ་སྐྱིད་ཆེན་པོ་སྦྱིན། སྨན་ཁང་དུ་སྡོད་སྐབས་འཚོ་བའི་མཁོ་ཆས་གང་ཡང་གྲ་སྒྲིག་བྱེད་མེད་པར་བརྟེན། ཚང་མས་འཁྲུད་ཆས་སོགས་འཚོ་བའི་མཁོ་ཆས་ཉོས་ཏེ་ནད་པར་སྤྲད། ནད་པ་སེམས་མ་སྐྱིད་པ་དང་གནོང་འགྱོད་བྱེད་སྐབས། སྨན་དོན་མི་སྣས་རང་འགུལ་ངང་རེས་སྐོར་བཞིན་ཁོང་ལ་སེམས་གསོ་བཏང་བ་རེད།

ཟླ་2ཚེས་12ཉིན། ནད་པ་ཐོག་མ་དེ་བསྐྱབས་ཐུབ་སྟེ་སྨན་ཁང་ནས་དོན་སྐབས། ཧྭ་ཏེ་སྨི་དང་ནད་པར་སྨན་བཅོས་ཐོག་མ་བྱེད་མཁན་གྱི་སྨན་པ་ཐུབ་བསྟན་རྣམ་རྒྱལ་གྱིས་ནད་པར་མེ་ཏོག་སྤྲད་པ་དང་ཁ་བཏགས་གཡོགས་ནས་སྐྱོབ་བཅོས་ཚོགས་པའི་ལྷག་བསམ་རྣམ་དག་གི་སྨོན་འདུན་མཚོན་པར་བྱས།

བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། ཧྭ་ཏེ་སྨིས་འགན་འཁུར་བའི་སྐྱོབ་བཅོས་ཚོགས་པའི་ཁོངས་མི་ཡོངས་ད་དུང་གསོ་རིག་གི་ལོགས་འཇོག་ལྟ་ཞིབ་བྱེད་སྒང་ཡིན། ཁོང་གིས“ནང་མི་དང་མཉམ་འཛོམས་བྱེད་མ་ཐུབ་ཀྱང་། བློ་ཕམ་གཏན་ནས་མི་འདུག གང་ཡིན་ཞེ་ན་ང་ཚོས་ཏོག་གསར་གློ་ཚད་ཀྱི་ནད་པ་དེ་བསྐྱབས་ནས་བོད་དུ་ནད་ཡམས་མ་མཆེད་པ་བྱས་ཡོད། དཀའ་ངལ་དང་འབད་བརྩོན་མཐའ་དག་བྱེད་རིན་འདུག”ཅེས་བརྗོད།

འདས་མ་ཐག་པའི“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་ཧྭ་ཏེ་སྨི་ལས་ཀ་བྱེད་སའི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར“གསུམ་བརྒྱད་དར་དམར་བའི”མཉམ་སྡེབ་མཚན་སྙན་ཐོབ་པ་དང་ཁོང་ལའང“གསུམ་བརྒྱད་དར་དམར་བའི་དཔེ་དམག”གི་མཚན་སྙན་ཐོབ་པ་རེད།

ང་ཚོས་ཧྭ་ཏེ་སྨིས་གཙོས་པའི་སྨན་དོན་མི་སྣ་ཚོས་ནུས་ཤུགས་ཡོད་རྒུ་བཏོན་པ་བརྗེད་མི་སྲིད་ལ། མི་རིགས་ཁག་གི་མི་དམངས་ཚོའི་གཟུགས་གཞི་བདེ་ཐང་སྲུང་སྐྱོང་ཆེད་འཐབ་ས་དང་པོར་སྐྱོད་མཁན་ཚོའི་གཟུགས་བརྙན་དེ་བས་བརྗེད་མི་སྲིད།

འཐབ་ས་དང་པོའི་ནད་ཡམས་ཚོད་འཛིན་རིམས་ནད་བརྟག་དཔྱད་མི་སྣས་ད་ལྟ་སྔར་བཞིན་འགོག་སྲུང་གྱོན་ཆས་གོན་ནས་ཉིན་ལྟར་ཚ་རྒྱས་ནད་པ་གྲལ་བཤེར་བྱེད་བཞིན་ཡོད། གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་P3ཚོད་ལྟ་ཁང་གི་ནད་དུག་ཞིབ་བཤེར་ཚད་ལེན་མི་སྣས་ད་དུང་ཉིན་མཚན་དབྱེར་མེད་ངང་སྡོད་བྱ་བྱས་ནས་ནུས་ཤུགས་ཡོད་རྒུས་ཞིབ་དཔྱད་བྱེད་བཞིན་ཡོད།

“དགོང་མོ་ལས་འགན་དེ་བས་མང་བ་ཡོད། མཚན་མོ་ལས་ཀ་ཆུ་ཚོད་ཁ་ཤས་བྱས་ནས་ལོགས་འཇོག་ནད་ཁང་ནས་དོན་སྐབས། དུག་སེལ་ཡོ་ཆས་ལ་འཁྱགས་པ་ཐེབས་ཀྱི་འདུག”ཅེས་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་རིམས་ནད་རིག་པའི་བརྟག་དཔྱད་མི་སྣ་འཇིགས་མེད་ཀྱིས་བརྗོད།

རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་འགོག་སྲུང་གྱོན་ཆས་ཕུད་པའི་འཐབ་ས་དང་པོའི་རིམས་ནད་རིག་པའི་བརྟག་དཔྱད་མི་སྣའི་ལག་གཉིས་ཚ་སྦོས་ཐེབས་པ་གསར་འགོད་པས་མཐོང་བྱུང་། རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་རིམས་ནད་རིག་པའི་བརྟག་དཔྱད་མི་སྣ་ཡོན་ཅིང་གིས“ཉིན་ལྟར་དུག་སེལ་ཆུས་ལག་པ་ཐེངས་བཅུ་གྲངས་འཁྲུ་དགོས་པ་དང་འགོག་སྲུང་གྱོན་ཆས་ནང་ཚ་བ་ཆེ་བ་དང་ཕྱི་རོལ་དུ་གྲང་ངར་ཆེ་བས་ལག་གཉིས་དེ་ལྟར་ཆགས་པ་རེད”ཅེས་བརྗོད་བྱུང་།

རང་སྐྱོང་ལྗོངས“རིམ་གསུམ”རིམས་ནད་རིག་པའི་བརྟག་དཔྱད་རུ་ཆེན་གྱི་རུ་དཔོན་པད་མ་ཚེ་དབང་གིས་རིམས་ནད་རིག་པའི་བརྟག་དཔྱད་མི་སྣས་ཉིན་ལྟར་ཚ་རྒྱས་སྒོ་བསྟེན་སྨན་ཁང་དང་། དམིགས་འཛུགས་སྨན་ཁང་། འབྲེལ་ཐུག་དམ་ཟབ་ཡོད་མཁན་ལོགས་འཇོག་བྱ་ཡུལ་བཅས་སུ་བསྐྱོད་དེ་ནད་པ་དང་ཐད་ཀར་འབྲེལ་ཐུག་བྱས་ནས་ནད་གཞི་བརྟག་དཔྱད་བྱེད་པ་དང་། སྨན་བཅོས་སྒྲིག་གཞིར་མ་དཔེ་བསྡུ་ལེན་བྱ་རྒྱུར་མཛུབ་ཁྲིད་བྱེད་པ། མ་དཔེ་དེ་དག་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སྐྱེ་དངོས་བདེ་འཇགས་རིམ་གསུམ་ཚོད་ལྟ་ཁང་དུ་སྐྱེལ་བ་བཅས་ཀྱི་འགན་འཁུར་དགོས་ཀྱི་ཡོད།

BSL-3ཚོད་ལྟ་ཁང་གི་འགན་འཁུར་བ་བཀྲ་ཤིས་ཀྱིས། དེ་ནི་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་BSL-3ཚོད་ལྟ་ཁང་ཞིག་ཡིན་པས། གསོ་རླུང་དཀོན་པ་དང་རླུང་གནོན་དམའ་བའི་གནས་ཚུལ་ལོས་ཡོད། ཚོད་ལྟ་བྱེད་མཁན་གྱིས་ལྟེ་བའི་ས་ཁོངས་ལ་ནད་དུག་ལྟ་ཞིབ་ཚད་ལེན་ལས་དོན་ཐེངས་རེ་སྤེལ་བར་ཉུང་མཐར་ཡང་ཆུ་ཚོད་2ནས་3བར་འགོར་གྱི་ཡོད་ཅེས་བརྗོད།

རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་འཕྲོད་བསྟེན་ཞིབ་བཤེར་སུའོ་ཡི་སུའོ་ཀྲང་ཕུན་ཚོགས་ཚེ་རིང་གིས། མིག་སྔར་BSL-3ཚོད་ལྟ་ཁང་གི་མི་སྣ་དང་། ལག་རྩལ། ཚོད་ལྟའི་སྨན་གསོག་ཉར་བྱེད་ཚད་སོགས་ཀྱིས་ལྗོངས་ཡོངས་ཀྱི་ནད་དུག་ལྟ་ཞིབ་ཚད་ལེན་འགན་ལེན་བྱེད་ཐུབ་ཀྱི་ཡོད་ཅེས་བརྗོད།