《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月17日

ལྷ་ས་དང་གཞིས་རྩེའི་གཙོ་གནད་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་བྱེད་པ།

འདི་ནི་བཟོ་པས་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་T3གནམ་ཐང་ཁུལ་ཐོག་ཁང་ནུབ་ངོས་ཀྱི་གྱང་ལ་སྦྱར་བྱེད་ཀྱི་ལྕགས་ལ་ཚ་ལ་རྒྱག་བཞིན་པ།

■ ལྷ་སར་གཅིག་སྡུད་ཐོག་གཙོ་གནད་རྣམ་གྲངས་32ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་བྱས་ཏེ། ཁྱོན་མ་དངུལ་སྒོར་དུང་ཕྱུར་347.3བཏང་བ་དང་། ལོ་འཁོར་མོར་མ་དངུལ་སྒོར་དུང་ཕྱུར་126.9གཏོང་རྩིས་ཡོད་པ་དེའི་ནང་རྨང་གཞིའི་སྒྲིག་བཀོད་དང་། དམངས་འཚོ་ལེགས་གཏོང་། ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད།

■ ལྷ་གཞིས་རིམ་མཐོའི་གཞུང་ལམ(ཚོད་འཛིན་རང་བཞིན་གྱི་ལས་གྲྭ)གྱི་གཞིས་རྩེ་ལམ་དུམ་གྱི་རྣམ་གྲངས་དང་། གཞིས་རྩེ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་2020ལོའི་གཙོ་གནད་རྣམ་གྲངས་སོགས་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་ཀྱི་མཛད་སྒོ་གཉེར་བ་དང་བསྟུན་ནས། གྲོང་ཁྱེར་དེ་ཡོངས་ཀྱི་གཙོ་གནད་རྣམ་གྲངས་ཕྱོགས་ཡོངས་ནས་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་བྱེད་འགོ་ཚུགས་ཡོད།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་15ཉིན་གནས་ཚུལ་འབྱོར་གསལ། ནམ་དུས་དཔྱིད་ཀ་འཆར་བ་དང་བསྟུན་ནས། སྐྱེ་དངོས་ཚང་མར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས། རྒྱལ་ཡོངས་གོང་འོག་ཚང་མས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སུ། བོད་ཀྱིས་ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་དམ་འཛིན་བྱས་ཏེ། ཁུལ་དབྱེ་རིམ་དབྱེ་དང་རིགས་དབྱེ་དུས་དབྱེའི་སྒོ་ནས་གནད་སྨིན་ཇུས་བསྟར་ངང་རོགས་སྐྱོར་གྱི་སྲིད་ཇུས་བཏོན་ཏེ་གཙོ་གནད་ལས་གྲྭའི་རྣམ་གྲངས་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་ཀྱི་སྒུལ་ནུས་ཆེ་རུ་བཏང་ཡོད། ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གཅིག་གིས་གཙོ་གནད་ལས་གྲྭའི་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་ཀྱི་མཛད་སྒོ་གཉེར་བ་རེད།

ཚེས་15ཉིན་སྔ་དྲོ། ལྷ་ས་གྲོང་ཁྱེར་གྱིས་2020ལོའི་གྲོང་ཁྱེར་དེ་ཡོངས་ཀྱི་གཙོ་གནད་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་ཀྱི་མཛད་སྒོ་གཉེར་བ་དང་། གྲོང་ཁྱེར་དེ་ཡོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་མ་འཇོག་བརྟན་པོ་ཡོང་བའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་གཅིག་སྡུད་ཐོག་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་ཀྱི་གཙོ་གནད་རྣམ་གྲངས་32ལ་ཁྱོན་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་347.3བཏང་བ་དང་། ལོ་འཁོར་མོར་མ་དངུལ་སྒོར་དུང་ཕྱུར་126.9གཏོང་རྩིས་ཡོད་པ་དེའི་ནང་རྨང་གཞིའི་སྒྲིག་བཀོད་དང་། དམངས་འཚོ་ལེགས་གཏོང་། ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཁྱབ་ཁོངས་ཁག་ཚུད་ཡོད། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

ཚེས་15ཉིན་གྱི་ཞོགས་པ། གསར་འགོད་པ་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་གནམ་གྲུའི་བབས་ཚུགས་ཁུལ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་ཡུལ་དངོས་སུ་འབྱོར། ཚ་བ་ལྟ་བ་དང་། མིང་ངོ་མ་ཐོ་འགོད་བྱེད་པ། དུག་སེལ་བྱེད་པ་བཅས་ནི་འདི་གའི་བཟོ་པ་རྣམས་ཨར་སྐྲུན་བྱ་ཡུལ་དུ་བསྐྱོད་སྐབས་ངེས་པར་དུ་བརྒྱུད་དགོས་པའི་གོ་རིམ་ཞིག་རེད། གསར་འགོད་པས་ཨར་སྐྲུན་བྱ་ཡུལ་ནས་བཟོ་པ་ཁག་གཅིག་ལས་གནས་ཐོག་འབྱོར་ནས་གོ་རིམ་ལྡན་པའི་ངང་ལས་ཀ་བྱེད་བཞིན་ཡོད་པ་དང་། བཟོ་པ་ཚོའི་ལས་བྲེལ་ཆེ་བའི་གཟུགས་བརྙན་དང་། འཕྲུལ་འཁོར་གྱི་སྐད་སྒྲ་ལས་ས་མཐོའི་ཁུ་སིམ་པའི་རྣམ་པ་དེ་མ་ཉིད་དུ་འཁྲུག་ཆ་དོད་པོར་གྱུར། རྣམ་གྲངས་འགན་འཁུར་བ་ནས་ཨར་སྐྲུན་པ་བར་ཚང་མས་རང་འགན་རང་སྒྲུབ་ཀྱིས་དུས་ཚོད་དམ་འཛིན་བྱས་ཏེ་ལས་ཀ་ཚ་ཚ་འུར་འུར་ངང་བྱེད་བཞིན་འདུག

དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་རྣམ་གྲངས་དོ་དམ་ལྟེ་གནས་ཀྱི་ལས་གྲྭ་པུའི་ཅིང་ལི་གཞོན་པ་ལི་ཡུང་གིས། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་མིག་སྔར་ད་དུང་ཉིང་ཁྲི་སྨན་གླིང་གནམ་ཐང་གི་འཕུར་བསྐྱོད་ཁུལ་གྱི་མཉམ་གཤིབ་རྒྱུག་བགྲོད་ལམ་བུའི་ལས་གྲྭ་དང་། ཁྲེང་ཏུའུ་ནས་ལྷ་ས་བར་གྱི་མཁའ་ལམ་འཕྲིན་གཏོང་ལྟ་ཞིབ་འགན་ལེན་ས་ཚིགས་འཛུགས་སྐྲུན་ལས་གྲྭ་སོགས་ལས་གྲྭ་10ལྷག་ཙམ་ལས་འགོ་བསྐྱར་འཛུགས་ཀྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། ད་དུང་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི“3+1”གི་རྣམ་གྲངས་འཛུགས་སྐྲུན་གྱི་དུས་འགོའི་ལས་དོན་ཡང་ཧུར་ཐག་སྒྲུབ་བཞིན་ཡོད་ཅེས་བརྗོད་པ་རེད།

ཚེས་15ཉིན་ལྷ་གཞིས་རིམ་མཐོའི་གཞུང་ལམ(ཚོད་འཛིན་རང་བཞིན་གྱི་ལས་གྲྭ)གཞིས་རྩེ་ལམ་དུམ་གྱི་རྣམ་གྲངས་དང་། གཞིས་རྩེའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་2020ལོའི་གཙོ་གནད་རྣམ་གྲངས། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་རྣམ་གྲངས། ཇོ་རིའི་རིག་གནས་གསར་གཏོད་ཐོན་ལས་གླིང་བཅས་ཀྱི་རྣམ་གྲངས་ཁག་སོ་སོ་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་ཀྱི་མཛད་སྒོ་གཉེར་ནས་གཞིས་རྩེ་གྲོང་ཁྱེར་གྱི་གཙོ་གནད་ལས་གྲྭའི་རྣམ་གྲངས་ཕྱོགས་ཡོངས་ནས་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་བྱེད་འགོ་ཚུགས་པ་རེད།

གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ལས་གྲྭར་ཁྱོན་བསམ་གྲུབ་རྩེ་ཆུས་གྲོང་ལྷོ་སྲང་ལམ་དོན་གཅོད་ཁྲུའུ་ཡི་མཁའ་རགས་སྡེ་ཁུལ་དང་། པང་གཅལ་གོང་སྡེ་ཁུལ། གྲོང་བྱང་སྲང་ལམ་དོན་གཅོད་ཁྲུའུ་ཡི་མི་རིགས་སྡེ་ཁུལ་དང་། སྒང་ཏོག་སྡེ་ཁུལ། བུམ་ཆབ་སྡེ་ཁུལ། ལྕང་ལོ་ཁང་གསར་སྡེ་ཁུལ་བཅས་ཀྱི་སྡེ་ཁུལ་དྲུག་ཚུད་ཡོད་པ་དང་། རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་35ཙམ་བཏང་ཡོད།

2020ལོར་ཇོ་རིའི་རིག་གནས་གསར་གཏོད་ཐོན་ལས་ཁུལ་གྱིས་ཁྱོན་རྣམ་གྲངས་18ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་བྱས་པ་དང་། ཁག་སོ་སོར་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་དང་། ཞིང་ནགས་ཆུ་དང་སྣོད་བཅུད། སྤྱི་ཚོགས་བྱ་གཞག རིག་གནས་ཡུལ་སྐོར། རིག་ལྡན་གླིང་། ལུས་རྩལ་བཅས་ཁྱབ་ཁོངས་6ཚུད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་16.54ཙམ་བཏང་བ་དང་འཆར་གཞི་ལྟར་མ་དངུལ་སྒོར་དུང་ཕྱུར་9.83བཏང་ཟིན་པ་རེད། ཚེས་15ཉིན་ལས་འགོ་འཛུགས་པ་དང(ལས་འགོ་བསྐྱར་འཛུགས)ནང་ཞུགས་པའི་རྣམ་གྲངས་10ཡོད་པ་དེའི་ནང་རྒྱལ་སྤྱིའི་རི་འཛེགས་གཉེར་སྐྱོང་ཞབས་ཞུའི་ལྟེ་གནས་ལྟ་བུའི་རྣམ་གྲངས་གསར་པ་ཚུད་ཡོད་ལ། བོད་ལུགས་གསོ་རིག་གི་ཁྱད་ལྡན་ལུས་གསོའི་བརྗོད་དོན་གཙོ་བོའི་གསོལ་མགྲོན་ཁང་དང་། ཡུལ་སྐོར་ཞབས་ཞུའི་ལྟེ་གནས་སོགས་མཐུད་སྐྲུན་རྣམ་གྲངས་ཀྱང་ཚུད་ཡོད། དེ་དག་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་7.62བཏང་ཡོད། དེའི་ནང་གླིང་ཁུལ་གྱི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཡིན་པའི་དངོས་མང་རྟེན་རྫས་བཤམས་མཛོད་ཁང་དང་། མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་སྟོན་འགྲེམས་ཚོང་ལྟེ་གནས། རིག་རྩལ་འཁྲབ་སྟོན་ལྟེ་གནས་བཅས“ཁང་གཅིག་དང་ལྟེ་གནས་གཉིས”ཀྱི་རྣམ་གྲངས་དང་། གཙོ་གནད་མཛེས་ལྗོངས་གླང་ཆེན་མཚེའུ་ཡི་རྣམ་གྲངས་བཅས་འདི་ལོའི་ཟླ་6པར་ཨར་སྐྲུན་ཟིན་ནས་གཉེར་སྐྱོང་བྱ་རྒྱུ་རེད།

(བསོད་ནམས་དཔའ་མོས་བསྒྱུར། བདེ་སྒྲོལ་གྱིས་ཞུས)