《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月13日

སྦྱངས་འབྲས་ཞན་པའི་སློབ་མ་ཡར་རྒྱས་ཇི་ལྟར་གཏོང་ཐབས་ སྐོར་རགས་ཙམ་གླེང་བ།

སྤྱིར་མཛུབ་མོ་ལྔ་ལ་རིང་ཐུང་ཡོད་པ་ཇི་བཞིན་ཤེས་རིག་གི་ལྡུམ་ར་གཅིག་གི་ནང་དུ་སློབ་ལ་བརྩོན་བཞིན་པའི་སློབ་ཕྲུག་རྣམས་ཀྱི་སྦྱངས་འབྲས་ལའང་རབ་འབྲིང་ཐ་གསུམ་ཡོད་ངེས་རེད། དེས་ན་ཤེས་རིག་གི་བདུད་རྩི་སྦྱིན་མཁན་གྱི་དགེ་བའི་བཤེས་གཉེན་རྣམས་ནས་ཁོ་ཚོའི་སློབ་སྦྱོང་གི་སྦྱངས་འབྲས་ཡར་ཐོན་ཡོང་ཆེད་ཐབས་བརྒྱ་ཇུས་སྟོང་གནང་རྒྱུ་ནི་གལ་ཆེན་ཞིག་ཡིན། རང་ཉིད་ལ་མཚོན་ན་སློབ་གསོ་སློབ་ཁྲིད་ཀྱི་བྱ་གཞག་སྟེང་བགྲང་བྱ་བཅུ་ལྷག་ཙམ་ལས་ཀ་བྱས་ཤིང་། དེའི་རིང་སྦྱངས་འབྲས་ཞན་པའི་སློབ་མ་མི་ཉུང་བ་ཞིག་ཐོན་གྱི་འདུག་པས། གནས་ཚུལ་དེར་དམིགས་ནས་སྦྱངས་འབྲས་ཞན་པའི་སློབ་མ་ཇི་ལྟར་བྱས་ཏེ་ཡར་རྒྱས་གཏོང་ཐབས་སྐོར་རགས་ཙམ་གླེང་བར་འདོད།

དང་པོ། སྦྱངས་འབྲས་ཞན་པའི་སློབ་མའི་རང་འགུལ་གྱི་རང་བཞིན་གོང་མཐོར་གཏོང་ཐབས།

མ་གཅིག་ལས་སྐྱེས་པའི་བུ་ཡང་གཅིག་པ་མེད་པ་བཞིན་དུ་འཛིན་གྲྭ་གཅིག་ནང་གི་སློབ་མར་ཡང་སྦྱངས་འབྲས་རབ་འབྲིང་ཐ་གསུམ་ཡོད། དེར་བརྟེན་ང་ཚོས་སློབ་སྦྱོང་ཡག་པའི་སློབ་མའི་སྦྱངས་འབྲས་སྔར་བཞིན་ཡག་ཐོག་ཡག་བརྩེགས་དང་སྦྱངས་འབྲས་ཞན་པའི་སློབ་མའི་སྦྱངས་འབྲས་ཡག་པོ་ཡོང་ཆེད་རང་ཉིད་ཀྱི་སེམས་ནུས་ཡོད་ཚད་འདོན་དགོས། རིག་གནས་གང་རུང་ཞིག་སྦྱངས་རུང་དེ་ལ་དང་ཐོག་ངང་ངམ་ཤུགས་ཀྱིས་རང་ངོས་ནས་འཇུག་འདོད་ཀྱི་བློ་ཞིག་སྐྱེད་དུ་འཇུག་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བའི་གནད་ཅིག་ཡིན། དེས་ན་སློབ་ཕྲུག་ཅིག་གི་ངོས་ནས་བརྗོད་ན་རང་འགུལ་གྱིས་སློབ་སྦྱོང་བྱེད་འདོད་ཀྱི་བློ་ཁ་ཞིག་འཕེལ་དུ་འཇུག་རྒྱུ་ནི་འགག་རྩ་ཡིན་པ་གོར་མ་ཆག སློབ་མ་ནི་སློབ་གསོའི་གྲུབ་ཆ་གཙོ་བོ་ཡིན་པ་དང་དགེ་རྒན་ནི་སློབ་སྟོན་པ་ཞིག་ཡིན་པས། སློབ་མའི་འཚར་ལོངས་ཡག་པོ་ཡོང་དང་མི་ཡོང་གཙོ་བོ་སློབ་མ་རང་ཉིད་ཀྱིས་རང་འགུལ་རང་བཞིན་ལ་ཐུག་ཡོད། དེར་བརྟེན་སློབ་མ་གཙོ་བོར་བྱེད་པའི་སློབ་ཁྲིད་ཀྱི་བསམ་བློ་བཅངས་ཏེ་སློབ་མའི་རང་གཤིས་ལ་འཕེལ་རྒྱས་གང་ལེགས་ཡོང་བ་བྱེད་དགོས་ལ་སློབ་སྦྱོང་གི་བརྒྱུད་རིམ་ནང་སློབ་མར་བསམ་གཞིག་བྱེད་པའི་ནང་དོན་དེ་གཞན་དབང་གིས་བཙན་འཇུག་མི་བྱེད་པར་ངེས་པར་དུ་སློབ་མའི་རང་འགུལ་གྱི་རང་བཞིན་གསོ་སྐྱོང་བྱ་རྒྱུ་གཙིགས་སུ་འཛིན་དགོས། དེ་ལྟར་བྱས་ན་སློབ་སྦྱོང་ཞན་པའི་སློབ་ཕྲུག་ཡར་རྒྱས་འགྲོ་ཐུབ། དེ་ཡང་སློབ་ཚན་ཚོགས་ཐེངས་གཅིག་ལས་གོང་གི་སྐར་མ་20དགེ་རྒན་གྱིས་གསར་ཁྲིད་དང་དེ་རྗེས་ཀྱི་སྐར་མ་15ཙམ་སློབ་མས་རང་འགུལ་གྱིས་སློབ་སྦྱོང་བྱེད་དུ་འཇུག་པ། མཇུག་གི་སྐར་མ་5ཡི་ནང་གསར་ཁྲིད་དང་རང་འགུལ་གྱིས་སྦྱངས་པའི་ནང་དོན་ལ་སྲ་བརྟན་དུ་གཏོང་བ། ལྷག་པར་དུ་སྦྱངས་འབྲས་ཞན་པའི་སློབ་མར་མཛུབ་སྟོན་གང་མང་བྱེད་དགོས།

གཉིས་པ། སྦྱངས་འབྲས་ཞན་པའི་སློབ་མའི་སློབ་སྦྱོང་གི་མོས་པ་དང་སྤྲོ་སྣང་འཕེལ་བ་བྱེད་དགོས།

མོས་པ་དང་སྤྲོ་སྣང་ནི་ལས་འགན་ཞིག་སྒྲུབ་པའི་ཆ་རྐྱེན་ནམ་རྨང་གཞི་གཙོ་བོ་དེ་ཡིན། དེ་ཡང་སློབ་ཕྲུག་ཅིག་གི་ངོས་ནས་བརྗོད་ན་མོས་པ་དང་སྤྲོ་སྣང་ནི་སློབ་སྦྱོང་ཡག་པོ་ཡོང་རྒྱུའི་འགག་རྩ་ཞིག་ཡིན་ལ་སྤྲོ་སྣང་དང་མོས་པས་སློབ་སྦྱོང་གི་བརྒྱུད་རིམ་ནང་ནུས་པ་ཤིན་ཏུ་ཆེན་པོ་ཐོན་གྱི་ཡོད། དེས་སློབ་སྦྱོང་གི་སྦྱངས་འབྲས་དང་སྤུས་ཚད་ལ་ཐད་ཀའི་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད། མི་སུ་འདྲ་ཞིག་གིས་རང་གི་ལས་གནས་སམ་རང་གི་བསྒྲུབ་བྱའི་བྱ་བའི་ཁྲོད་དུ། མོས་པ་དང་སྤྲོ་སྣང་མེད་པར་ཉི་མ་གང་འཁྱོལ་བྱས་ཚེ་བྱ་བ་དེ་ལེགས་པོ་ཞིག་འགྲུབ་མི་ཐུབ་པ་བཞིན་དུ་སློབ་མས་སློབ་སྦྱོང་བྱེད་པའི་སྐབས་སུ་མོས་པ་དང་སྤྲོ་སྣང་མེད་པར་སློབ་སྦྱོང་བྱེད་པ་ནི་སྟོང་པ་ཞིག་རེད། རྒྱུགས་སྤྲོད་ཁོ་ནའི་ཆེད་དུ་སློབ་སྦྱོང་བྱས་ཚེ་སློབ་སྦྱོང་གི་སྦྱངས་འབྲས་ལེགས་པོ་ཞིག་ཡོང་བའི་ངེས་པ་མེད།

ང་ཚོས་སློབ་མའི་སེམས་ཁམས་དང་མཐུན་པའི་སློབ་གསོ་རྒྱག་དགོས་པ་ཕུད་སློབ་ཚན་ཚོགས་པའི་དུས་ཚོད་སྐར་མ་བཅུ་ལྷག་ཙམ་བེད་སྤྱད་དེ་གོ་བདེ་བའི་རྨང་གཞིའི་ཤེས་བྱ་འགའ་སློབ་པའམ་ཡང་ན་བརྙན་འཕྲིན་ཐོག་མཐོང་མྱོང་བའི་གོ་སྐོན་བློ་འགུག་ལྡན་པའི་ལེ་ཚན་འགར་ཕན་ཚུན་གཏམ་གླེང་དང་། དེ་བཞིན་སློབ་གསོའི་རང་བཞིན་ལྡན་པའི་སྒྲུང་གཏམ་དང་མཚར་གཏམ་བགྲོ་གླེང་བྱེད་དགོས། དེ་ལྟར་བྱས་ན་སློབ་མའི་སེམས་ནང་གི་ཁུར་པོ་ཡང་དུ་གཏོང་ཐུབ་ལ་སྤྲོ་སྣང་ཡང་སྦྱིན་ཐུབ། “ཕྲུ་གུ་བཟང་པོ་ནི་བསྟོད་བསྔགས་བཏང་བ་ལས་བྱུང་བ་ཞིག་ཡིན”ཟེར་བ་བཞིན་རང་རེའི་འཛིན་གྲྭའི་སློབ་མ་ག་གེ་མོར་མཚོན་ན། སློབ་སྦྱོང་སྦྱངས་འབྲས་ལེགས་པོ་མེད་ཀྱང་རྒྱུན་དུ་ངལ་རྩོལ་ལ་ཧུར་བརྩོན་ཆེན་པོས་ཞུགས་ཐུབ་པ་དང་དགེ་རྒན་གྱི་ལས་ཀར་གཞོགས་འདེགས་བྱེད་པའི་སེམས་ཤུགས་ཆེན་པོ་ཡོད། རང་ཉིད་འཛིན་བདག་ཅིག་གི་ངོས་ནས་སློབ་མ་དེ་དང་རྒྱུན་དུ་སྙིང་གཏམ་ཤོད་རེས་དང་ཁྱིམ་བདག་ལ་བཅར་འདྲི་ཡང་ཡང་ཞུས་པ། ལྷག་པར་དུ་སློབ་དུས་གོང་མའི་འཛིན་ཚོགས་ཐོག་སློབ་མ་དེའི་ལེགས་ཆ་སྔོག་འདོན་བྱས་ཏེ་ཁོ་མོ་ནི་ངལ་རྩོལ་ལ་དགའ་བའི་ཕྲུ་གུ་བཟང་པོ་ཞིག་ཡིན་པའི་སྐོར་ལ་བསྟོད་བསྔགས་ཡང་ཡང་བཏང་བ་མ་ཟད། ཁོ་མོ་འཛིན་གྲྭའི་ངལ་རྩོལ་ཨུ་ཡོན་ལ་བསྐོས་པ་ཡིན། དེ་ནས་བཟུང་ཁོ་མོའི་སློབ་སྦྱོང་སོགས་གང་ཅིའི་ཐད་ལ་ཡར་རྒྱས་ཆེན་པོ་བྱུང་སོང་། དངོས་དོན་དེའི་ཐོག་ནས་སློབ་མར་བསྟོད་བསྔགས་མང་ཙམ་བཏང་སྟེ་སློབ་སྦྱོང་གི་མོས་པ་དང་སྤྲོ་སྣང་འཕེལ་ཐབས་བྱ་རྒྱུ་ནི་གལ་འགངས་ཆེན་པོ་རེད་སྙམ།

གསུམ་པ། བྱ་དགའ་ཆད་གཅོད་ཀྱི་ཐབས་ལ་བརྟེན་ནས་སྦྱངས་འབྲས་ཞན་པའི་སློབ་མ་ཡར་རྒྱས་གཏོང་དགོས།

སྦྱངས་འབྲས་ཞན་པའི་སློབ་མར་དགེ་མཚན་ཅི་ཡང་མེད་པ་མིན་པས་ང་ཚོས་ཁོ་ཚོའི་དགེ་མཚན་འཚོལ་ཞིབ་ཀྱིས་བསྟོད་བསྔགས་དང་སྐུལ་ལྕག་གི་ཚིག་བརྗོད་དགོས། དེ་ལྟར་བྱས་ཚེ་ཁོ་ཚོའི་སེམས་ནང་གི་གཉའ་དམའ་བའི་ལྟ་བ་དོར་ཐུབ་ལ་སློབ་སྦྱོང་བྱེད་སེམས་ཀྱང་སྐྱེ་སྲིད། ལྷག་པར་དུ་ཟླ་རྒྱུགས་དང་སློབ་མཇུག་སྐབས་སློབ་སྦྱོང་ཡག་པའི་སློབ་མར་གཟེངས་བསྟོད་དང་སློབ་སྦྱོང་ཞན་པའི་སློབ་མ་འགའ་རེའི་སྦྱངས་འབྲས་ཡར་རྒྱས་སུ་ཕྱིན་པར་གཟེངས་བསྟོད་དུ་བྱ་དགའ་གང་རུང་སྤྲོད་དགོས། དེ་ལྟར་བྱས་ཚེ་སློབ་སྦྱོང་ཡག་པའི་དབར་ལ་འགྲན་རྩོད་ཡོད་ལ་ཞན་པའི་དབར་ལ་ཡང་འགྲན་སེམས་ཤིག་སྐྱེ་ངེས། ཡང་སློབ་སྦྱོང་ཞན་པའི་སློབ་མས་འཛིན་གྲྭ་ཡོངས་ལ་གནོད་པའི་བྱ་སྤྱོད་སྤེལ་ཚེ་དགེ་རྒན་གྱི་ཟུར་དུ་ཁྲིད་ནས་སློབ་གསོ་གཏོང་བ་ཕུད། འཛིན་གྲྭའི་ནང་དུ་གསལ་བསྒྲགས་རང་བཞིན་གྱི་སློབ་གསོ་དང་ཆད་པ་གཅོད་དགོས་པ་དང་། དེ་མིན་གནད་དོན་ཚབས་ཆུང་བ་རྣམས་ཟུར་དུ་སློབ་གསོ་བརྒྱབ་ན་དགེ་མཚན་ཆེ་བར་སྙམ།

མདོར་ན། ང་ཚོ་དགེ་རྒན་རྣམ་པས་སྐར་མ་བཞི་བཅུ་སློབ་ཁྲིད་བྱེད་ཤེས་པ་ཁོ་ན་ཙམ་མ་ཡིན་པར་དུས་དང་རྣམ་པ་ཀུན་ཏུ་རྗེས་ལུས་ཀྱི་གནས་སུ་ལྷུང་བའི་སློབ་སྦྱོང་ཞན་པའི་སློབ་ཕྲུག་རྣམས་ལ་སློབ་གསོ། སྐུལ་མ། རོགས་རམ་བཅས་བྱམས་བརྩེའི་ཕྱག་ཟུང་བརྐྱངས་ཏེ་ཁོ་ཚོའི་སློབ་སྦྱོང་ཞན་པའི་རྒྱུ་རྐྱེན་དེ་དག་བཙལ་འཚོལ་བྱེད་དགོས་པ་དང་། དུས་མཚུངས་འཛིན་གྲྭའི་སྒྲིག་ལམ་ལ་ལྟ་རྟོག་དང་ལྷོད་གཡེང་མི་གཏོང་བར་དུས་རྟག་ཏུ་སྦྱངས་འབྲས་ཞན་པའི་སློབ་མར་སློབ་མ་གཞན་ལས་སློབ་གསོ་མང་བ་གཏོང་རྒྱུ་དེ་ཡང་འགག་རྩ་ཞིག་ཡིན་ལ། སློབ་མས་སྦྱོང་ཚན་ཡག་པོ་འབྲི་ཐུབ་མིན་དེ་ཡང་སློབ་སྦྱོང་གི་སྦྱངས་འབྲས་ཇི་འདྲ་ཡོང་མིན་ལ་རག་ལུས་འདུག་པས། དགེ་རྒན་གྱིས་ད་རེས་བསླབས་ཟིན་པའི་སློབ་ཚན་གྱི་ནང་དོན་ལ་དཔྱད་ནས་སྦྱངས་འབྲས་ཞན་པའི་སློབ་མ་དེ་ཚོར་དམིགས་སུ་བཀར་ནས་སྦྱོང་ཚན་གྱི་ནང་དོན་བཀོད་སྒྲིག་འཚམ་པོ་དང་རྣག་ཐོག་གཙག་འཁེལ་ལྟ་བུའི་སྦྱོང་གཞི་བཀོད་སྒྲིག་གནང་ནས་སྦྱོང་ཚན་ནང་འཕྲད་པའི་དཀའ་གནད་རྣམས་འཕྲལ་དུ་གསལ་འགྲེལ་ཡག་པོ་བྱེད་ཐུབ་ན། སྦྱངས་འབྲས་ཞན་པའི་སློབ་མ་དེ་དག་མགྱོགས་མྱུར་སྦྱངས་འབྲས་ལེགས་པའི་སློབ་མ་དང་དོ་སྙོམས་ཡོང་ངེས་ཡིན་ནོ།

(ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཧའེ་ས་སློབ་ཆུང་། མིག་དམར་བུ་ཁྲིད་ཆུང་བ)