《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月12日

རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ལྷ་སར་འཚོགས་པ།

ཝུའུ་དབྱིང་ཅེས་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་10ཉིན་གནས་ཚུལ་འབྱོར་གསལ། ཚེས་10ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ལས་འགན་གཙོ་བོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ཐག་གཅོད་དམག་འཐབ་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། མིག་སྔའི་དུས་བབ་ལ་དབྱེ་ཞིབ་བྱེད་པ། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་ཁྱད་བསད་བྱེད་པ། སེམས་ནུས་གཅིག་སྒྲིལ་ངང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ་བོད་འདི་ཉིད་རྒྱལ་ཡོངས་དང་དུས་གཅིག་ཏུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས་པ་དེ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཀྲོང་ཡན། ནོར་བུ་དོན་གྲུབ་བཅས་དང་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཅང་ཅེ་དང་། ལིའུ་ཅང་། ཝང་ཝེ་ཏུང་། ཁྲེན་ཡུང་ཆི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བསྟན་ཁོ་དང་། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས། མཱ་ཧྲེང་ཁྲང་། ཞུས་ཁྲེང་ཚང་། ཀྲང་ཡན་ཆིང་བཅས་ཀྱང་ཚོགས་འདུར་ཕེབས་ཡོད་པ་རེད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

ཚོགས་འདུའི་ཐོག་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ཐག་གཅོད་དམག་འཐབ་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་ཧུར་ཐག་བཅག་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་བརྡ་ཐོའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། འབྲེལ་ཡོད་སྙན་སེང་གསན་པ། ཏོག་གསར་གློ་ཚད་རིམས་ནད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་ཤུགས་རྐྱེན་ངན་པ་ཐེབས་པར་དབྱེ་ཞིབ་དང་དེ་བཞིན་ཁ་གཏད་གཅོག་པའི་བྱ་ཐབས་ཀྱི་གྲོས་འགོར་ཞིབ་འཇུག་བཅས་བྱས་པ་རེད།

ཝུའུ་དབྱིང་ཅེས། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ཐག་གཅོད་དམག་འཐབ་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱིས་ང་ཚོར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་འབད་འཐབ་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རིམ་ཁག་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་སྒོ་ནས་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ཐག་གཅོད་དམག་འཐབ་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་གོ་བ་ལེན་པ། ཆབ་སྲིད་ཀྱི་ཚུགས་གནས་ཆེ་རུ་གཏོང་བ་དང་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་བརྟན་དུ་གཏོང་བ། ཕྱོགས་སྡོམ་གྱི་འདུ་ཤེས་དང་དམག་བཀའ་ཁུར་ལེན་གྱི་འདུ་ཤེས་བརྟན་པོ་འཛུགས་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལས་ཀའི་བླང་བྱ་དང་ཡང་ཡང་བསྡུར་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གོང་མཐོར་གཏོང་རྒྱུར་དམིགས་པ། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ། གནད་སྨིན་དབུལ་སྐྱོར་ལག་བསྟར་ལ་དོ་སྣང་བྱེད་པ། དབུལ་སྒྲོལ་གྱི་སྤུས་ཚད་མཐོ་རུ་་གཏོང་རྒྱུར་དོ་སྣང་བྱེད་པ། སེམས་ནུས་གཅིག་སྒྲིལ་དང་བསྟུད་མར་འབད་འཐབ་བཅས་བྱས་ནས་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

ཝུའུ་དབྱིང་ཅེས། རང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རིང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་ཁས་ལེན་གང་ལེགས་གནང་བ་དང་འབྲེལ་མིག་སྔར་འཕྲད་པའི་དཀའ་ངལ་དང་འགྲན་སློང་ལའང་དབྱེ་ཞིབ་གནང་བ་རེད། འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུའི་ལོ་ཡིན་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ཐག་གཅོད་དམག་འཐབ་ཀྱི་ལོ་ཞིག་ཀྱང་རེད། རིམ་ཁག་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ“མཚམས་མི་འཇོག་པ་བཞིའི”བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་མ་ཟད། གནད་སྨིན་དབྱེ་འབྱེད་དང་། ཐོན་ལས་ཀྱི་འདེགས་སྐྱོར། སྲིད་ཇུས་ཀྱི་སྐུལ་ལྕག སྔོན་ལ་ལས་ཞུགས། བོད་སྐྱོར་རོགས་རམ། སྤྱི་ཚོགས་འགན་བཅོལ་ཐ་སྐྱོང་སོགས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པ། ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་བརྟན་པོ་ཡོང་བ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲབ་འབྲས་སྲ་བརྟན་དུ་གཏོང་བ་དང་དབུལ་པོ་བསྐྱར་ལོག་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་ཐོག་ནས་བྱ་སྤྱོད་དངོས་ལ་བརྟེན་ཏེ་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་རྦད་དེ་བློ་དཀར་སེམས་དཀར་ཡིན་ལུགས་མཚོན་པར་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་། སེམས་ཤུགས་མི་ཉམས་པ་དང་། ངར་ཤུགས་མི་ཆག་པ། འགན་འཁྲི་མི་འགྱུར་བ་བཅས་མཐའ་འཁྱོངས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་དབར་གྱི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བ་ཚན་རིག་དང་མཐུན་པའི་སྒོ་ནས་ཐག་གཅོད་ཡག་པོ་བྱེད་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་མཐུན་སྦྱོར་སྐུལ་འདེད་གཏོང་དགོས། གནད་སྨིན་ཐབས་ཇུས་ལག་བསྟར་མཐའ་འཁྱོངས་བྱས་ནས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་འཛུགས་སྐྲུན་རྣམ་གྲངས་སྔོན་ལ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་སྐུལ་འདེད་མགྱོགས་སུ་གཏོང་བ་དང་དམངས་འཚོའི་ཞབས་ཞུའི་ལས་རིགས་དང་མི་རིགས་ལག་ཤེས་བཟོ་ལས་ཐོན་རྫས་ལས་སྣོན་གཉེར་སྐྱོང་བྱེད་པོ་དང་འབྲེལ་བ་ཡོད་རིགས་སྔོན་ལ་སྒོ་ཕྱེ་ནས་ལས་གཉེར་འགན་ལེན་ཐུབ་པ་བྱས་ཏེ་མང་ཚོགས་དབུལ་པོ་ལས་ཞུགས་བརྟན་པོ་ཐུབ་པ་བྱེད་དགོས། ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་སྲིད་ཇུས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བོད་སྐྱོར་ཚན་པའི་ལེགས་ཆ་འདོན་སྤེལ་ལ་དོ་སྣང་བྱེད་པ། མང་ཚོགས་ཀྱིས་སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པའི་ཁར་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་རྒྱུ་མཐའ་འཁྱོངས་བྱེད་པ། གནས་སྤོས་མང་ཚོགས་གཞིས་ཆགས་ཐུབ་པ་དང་། ལས་ཞུགས་ཐུབ་པ། རིམ་པས་ཕྱུག་པོ་ཆགས་ཐུབ་པ་བཅས་འགན་ལེན་བྱེད་དགོས། དབུལ་སྐྱོར་བློ་སྐྱོར་ལ་སྔར་བས་དོ་སྣང་བྱས་ནས་མང་ཚོགས་སྣེ་ཁྲིད་ཀྱིས་ནང་གནས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་ཆུང་དུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཝུའུ་དབྱིང་ཅེས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད་འགྱུར་མེད་སྟོབས་ལྡན་གྱི་རྩ་འཛུགས་ཀྱི་འགན་ལེན་ཧུར་ཐག་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། ཁོངས་གཏོགས་ས་ཆའི་འགན་འཁྲི་ནན་དུ་གཏོང་བ། རང་འགུལ་ངང་ལས་དོན་སྒྲུབ་པ་དང་བྱས་རྗེས་ཧུར་ཐག་འཇོག་པ། ཉིན་མཚན་དབྱེར་མེད་ཀྱིས་གཞུང་དོན་སྒྲུབ་པའི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་དོན་འཁྱོལ་ཡོང་བར་དམ་འཛིན་ཡག་པོ་བྱས་ཐོག་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བར་བརྟེན་ནས་ཁས་ལེན་དམ་བཅའ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། དབུལ་སྐྱོར་གྱི་མ་དངུལ་བེད་སྤྱོད་ཡག་པོ་བཏང་སྟེ་ཚད་ཡོད་ཀྱི་མ་དངུལ་དགོས་མཁོ་ཆེ་ཤོས་སུ་གཏོང་ཐུབ་པ་བྱེད་དགོས། སྐོར་གཟིགས་དག་ཐེར་གྱི་བྱེད་པོའི་འགན་འཁྲི་ཁུར་ནས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་ཏེ་ཏན་ཏིག་ནུས་ལྡན་གྱི་དག་ཐེར་གྲུབ་འབྲས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁག་སྤུས་མཐོ་ནུས་ཆེ་ཡོང་བར་འདེགས་སྐྱོར་བྱེད་དགོས། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལས་བྱེད་པར་ཁྲིད་སྟོན་བྱས་ཏེ“ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟར”གྱི་མཉེན་ཤུགས་དང“ལའུ་ལན་མཁར་རྫོང་མ་ཕབ་བར་གྱི”ངར་ཤུགས་ལ་བརྟེན་ནས་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་ཐོབ་པ་བྱེད་དགོས། རིམ་ཁག་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱིས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་དབུལ་སྐྱོར་གྱི་མ་དངུལ་གཞན་སྤྱོད་བྱེད་རིགས་ཐག་གཅོད་ནན་པོ་བྱེད་དགོས། རིམ་ཁག་དྲིལ་བསྒྲགས་སྡེ་ཚན་གྱིས་གསོན་ཉམས་དོད་པའི་བསླབ་གཞི་བེད་སྤྱོད་ཡག་པོ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་དྲིལ་བསྒྲགས་བྱེད་པ། དབུལ་སྒྲོལ་མ་བྱུང་གོང་དང་བྱས་རྗེས་ཀྱི་འགྱུར་ལྡོག་ཆེན་པོ་ཡག་པོ་བརྗོད་པ། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་ས་ཁུལ་གཞན་དག་གི་མང་ཚོགས་ལ་ལོངས་སྤྱོད་མ་ཐུབ་པའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་བ་གསལ་པོ་བརྗོད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དང“མངོན་གསལ་དོད་པའི་ལེགས་ཆ་བཅུ་གསུམ”དང“མཐའ་འཁྱོངས་དང་འཐུས་ཚང་བཅུ་གསུམ”དབར་གྱི་འབྲེལ་བ་དྲིལ་བསྒྲགས་དང་གང་ལེགས་མངོན་པར་བྱེད་པ་བཅས་ཀྱི་སྒོ་ནས་མི་རིགས་ཁག་གི་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

( བདེ་སྒྲོལ་དང་བསོད་དཔས་སྒྱུར་ཞུས་བྱས)