《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月10日

རང་ལྗོངས་ཀྱིས་དྲ་ཐོག་སློབ་ཚན་སྣ་ཚོགས་བཏོན་པ།

དྲ་ཐོག་གི་སྤྲིན་ཚོམས་སློབ་ཚན་སློབ་སྦྱོང་གི་རོགས་ཟླ་ཡག་པོར་གྱུར་པ།

འདི་ནི་ནག་ཆུ་གྲོང་ཁྱེར་སློབ་འབྲིང་གཉིས་པའི་ལོ་རིམ་བརྒྱད་པའི་སློབ་མ་ཕུན་ཚོགས་དགྲ་འདུལ་གྱིས་ཁྱིམ་དུ་ལག་ཐོགས་ཁ་པར་ནས་དྲ་ཐོག་སློབ་ཚན་ཉན་ཞོར་ཟིན་བྲིས་འགོད་བཞིན་པ།

ཟླ་3ཚེས་5ཉིན། ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོའི་དམའ་འབྲིང་ལོ་རིམ་དང་པོའི་སློབ་མ་དབྱང་ཅིང་ཅིང་གིས་ཁྱིམ་དུ་དྲ་ཐོག་ནས་སློབ་སྦྱོང་བྱེད་འགོ་བརྩམས་ལ། སྐབས་དེར་ཁོ་མོས་ས་ཁམས་སློབ་ཚན་ཉན་བཞིན་འདུག

མིག་སྔར། རང་ལྗོངས་ཀྱི་སློབ་གྲྭ་ཁག་གཅིག་གིས་དྲ་ཐོག་ནས་སློབ་ཁྲིད་བྱེད་འགོ་བཙུགས་ནས། ཆ་འཕྲིན་ཅན་གྱི་སློབ་ཁྲིད་བྱེད་སྟངས་སྤྱད་པ་དང་། རིམ་པ་ཁག་དང་རིགས་ཁག་གི་དྲ་ཐོག་སློབ་ཚན་ལས་སྟེགས་དང་སློབ་གྲྭའི་དྲ་རྒྱའི་སློབ་སྦྱོང་བར་མཐོངས་སོགས་ལ་བརྟེན་ནས། སློབ་མས་རང་སྦྱོང་དང་། དྲ་ཐོག་ནས་སློབ་སྦྱོང་། ཐད་གཏོང་སློབ་ཁྲིད་སོགས་ཀྱི་བྱེད་ཐབས་སྤྱད་དེ“སློབ་ཚན་མཚམས་བཞག་ཀྱང་སློབ་སྦྱོང་བྱེད་མཚམས་མི་ཆད་པར”བྱས་པ་རེད།

“མིག་སྔར། དགེ་རྒན་ཚང་མས་དྲ་ཐོག་ནས་སློབ་ཚན་ཁྲིད་པ་དང་སློབ་མ་ཚང་མས་དྲ་རྒྱ་བརྒྱུད་ནས་སློབ་སྦྱོང་བྱེད་ཀྱི་ཡོད་ལ། སློབ་ཚན་གྲོལ་རྗེས། སློབ་མ་ཚོས་ལག་བྲིས་ཚགས་པར་བཟོ་བ་དང་སློབ་ཚན་ཉན་རྗེས་ཀྱི་ཚོར་སྣང་འབྲི་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་མེས་རྒྱལ་ལ་དགའ་ཞེན་དང་རིམས་ནད་འགོག་རྒོལ་ལ་རྒྱབ་སྐྱོར་བྱེད་ལུགས་མཚོན་པར་བྱེད་ཀྱི་ཡོད། སློབ་གྲྭས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་སློབ་གསོའི་དམིགས་ཚད་ལ་གཞིགས་ཤིང་། ཐེངས་འདིའི་རིམས་ནད་འགོག་རྒོལ་དང་ཟུང་འབྲེལ་བྱས་ནས་སློབ་འགོ་ཚུགས་པའི་སློབ་ཚན་ཁྲོད་དུ་རྒྱལ་དར་སྒྲེང་བ་དང་། གདོང་ལེན་རུ་ཁག་གི་གུས་འདུད་ཞུ་བ། སློབ་གླུ་ལེན་པ། ཚེ་སྲོག་གི་སློབ་གསོའི་བརྙན་ལམ་ལྟ་བ་སོགས་ཀྱི་བྱེད་སྒོ་ཁ་སྣོན་བྱས་ཡོད”ཅེས་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་སློབ་སྤྱི་གཞོན་པ་ཀྲང་ཞའོ་ལིས་བརྗོད།

ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་ལོ་རིམ་བཞི་པའི་འཛིན་གྲྭ་དྲུག་པའི་འཛིན་བདག་བསྟན་འཛིན་ནོར་བུས་གསར་འགོད་པར“དམིགས་བསལ་གྱི་དུས་སྐབས་འདིར་སློབ་ཚན་ཚང་མ་སློབ་གྲྭའི་སློབ་དོན་ཁྲུའུ་ཡིས་གཅིག་གྱུར་བཀོད་སྒྲིག་བྱེད་ཀྱི་ཡོད་པ་དང་། དགེ་རྒན་གྱིས་ཁྱིམ་དུ་སློབ་ཁྲིད་ལ་གྲ་སྒྲིག་བྱེད་པ་དང་། སློབ་ཁྲིད་ཀྱི་ནང་དོན་ལ་སློབ་དུས་གོང་མའི་སློབ་སྦྱོང་གི་ནང་དོན་གཙོ་བོར་བྱས་ཏེ་ཨང་རྩིས་དང་། རྒྱ་ཡིག དབྱིན་ཡིག ཚན་རིག་སོགས(བོད་ཡིག་འཛིན་གྲྭར་ད་དུང་བོད་ཡིག་སློབ་ཚན་ཡོད་པ)ཚུད་ཡོད། སློབ་གྲྭའི་འགོ་ཁྲིད་ཀྱིས་ཀྱང་གླུ་གཞས་དང་། ལུས་རྩལ། མཛེས་རིས་བཅས་ཀྱི་དགེ་རྒན་ཚོས་ལུས་སྦྱོང་ལུས་རྩལ་དང་། ཞབས་བྲོ། གླུ་གཞས། ལག་ཤེས་བཟོ་རྩལ་སོགས་ཀྱི་སློབ་ཁྲིད་བརྙན་ལམ་བཟོས་ཏེ། རིག་གནས་སློབ་ཚན་བརྙན་ལམ་གྱི་བར་དུ་བཏང་ནས་སློབ་མ་ཚོས་སློབ་སྦྱོང་བྱེད་པའི་སྤྲོ་སྣང་འཕེལ་བར་བྱེད་དགོས་པའི་བླང་བྱ་བཏོན་ཡོད”ཅེས་བརྗོད།

རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་སྐོར་ཞིབ་པ་གཞོན་པ་ཧུའུ་ཀྲེ་གོ་ཡིས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། རང་ལྗོངས་ཀྱིས་བོད་ལྗོངས་སློབ་གསོ་ཇོ་མོ་གླང་མའི་ཁོངས་གཏོགས་ཀྱི་སྤྲིན་ཚོགས་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ཐོག་དྲ་ཐོག་སློབ་གསོའི་སློབ་ཁྲིད་ཐོན་ཁུངས་ལ་སྤྱི་འདོམས་བྱས་ཤིང་། གྲོང་ཁྱེར(ས་ཁུལ)ཁག་དང་རྫོང(ཆུས)ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་དྲ་ཐོག་གི་སློབ་ཁྲིད་བྱེད་སྒོར་སྤྱི་འདོམས་བཀོད་སྒྲིག་དང་ཞིབ་ཕྲའི་མཛུབ་ཁྲིད་དང་། དགེ་རྒན་གསོ་སྦྱོང་། དྲ་རྒྱའི་ལྟ་འདོམས་སོགས་ལས་དོན་གྱི་འགན་འཁུར་གྱི་ཡོད་ཅེས་བརྗོད།

ཧུའུ་ཀྲེ་གོ་ཡིས་གསར་འགོད་པར་དགེ་སློབ་ཀྱིས་བོད་ལྗོངས་སློབ་གསོ་ཇོ་མོ་གླང་མའི་ཁོངས་གཏོགས་ཀྱི་སྤྲིན་ཚོགས་ལས་སྟེགས་སུ་ཐོ་འགོད་བྱས་ཏེ་དྲ་ཐོག་གི་སློབ་སྦྱོང་ཐོན་ཁུངས་ལོངས་སྤྱོད་བྱ་ཆོག་ཅེས་བརྗོད་པ་དང་། ཡང་ཁོང་གིས“མིག་སྔར། བོད་ལྗོངས་སློབ་གསོའི་ཇོ་མོ་གླང་མའི་ཁོངས་གཏོགས་ཀྱི་སྤྲིན་ཚོགས་ལས་སྟེགས་སུ་རྒྱལ་ཁབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་དྲ་རྒྱའི་སྤྲིན་ཚོགས་ལས་སྟེགས་དང་། མི་དམངས་སློབ་གསོ་དཔེ་སྐྲུན་ཁང་གི་མཉམ་སྦྱོང་སློབ་གཞི། བོད་ཡིག མཐོ་སློབ་ཀྱི་དྲ་ཐོག་སློབ་ཁྲིད་སོགས་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་སྣ་ཚོགས་ཀྱི་ཐོན་ཁུངས་སྤུས་དག་རིན་མེད་ངང་བཏོན་ཡོད”ཅེས་བརྗོད། (དབང་སྒྲོལ་སྐྱིད་ཀྱིས་བསྒྱུར། དོན་གྲུབ་ཀྱིས་ཞུས)