《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月06日

བདེ་སྐྱིད་ལྡན་པའི་ཁྱིམ་གཞིས། སྤྲོ་སྣང་དོད་པའི་བྱིས་པ།

—— ཉིང་ཁྲི་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ཟུར་བྲིས།

ཉེ་ཆར། གསར་འགོད་པ་ཉིང་ཁྲི་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དུ་བཅར་འདྲིར་བསྐྱོད་པ་དང་། ཕན་བདེ་ཁང་གི་དཀར་ཆ་དོད་པའི་སློབ་ཁང་དང་། སྐྱིད་སྣང་དོད་པའི་ཉལ་ཁང་། རོལ་ཞོར་སློབ་གསོའི་ངལ་གསོ་ཁུལ་བཅས་གང་སར་ཁྱིམ་ཚང་ལྟ་བུའི་དྲོ་སྐྱིད་ཀྱི་རྣམ་པས་ཁེངས་འདུག

ང་ཚོ་དེ་གར་སླེབས་སྐབས་ཁ་ལག་གཏོང་བའི་དུས་ཚོད་དང་ཏག་ཏག་འཁེལ་ཞིང་། ཕན་བདེ་ཁང་གི་དགེ་རྒན་གྱི་སྣེ་ཁྲིད་འོག་ཕྲུ་གུ་ཚོ་བང་བསྒྲིགས་ནས་གོ་རིམ་ལྡན་པའི་ངང་ཁ་ལག་ལེན་བཞིན་འདུག ཟ་ཁང་གི་གྱང་སྟེང་དུ་གཟའ་ཟླ་བ་ནས་ཉི་མའི་བར་གྱི་ཚལ་ཐོ་སྦྱར་ཡོད་པ་དང་། དེའི་ཐོག་བྲིས་པའི་ཉིན་རེའི་ཚལ་གྱི་སྣ་ཁ་ཕུན་སུམ་ཚོགས་པོ་འདུག

ཕན་བདེ་ཁང་གི་ལས་དོན་མི་སྣས་གསར་འགོད་པར་བརྗོད་དོན། ཕྲུ་གུ་ཚོའི་ལྟོ་དུས་གསུམ་ལ་གཞི་རྩའི་འཚོ་བཅུད་ཟས་རིགས་ཕུད། ད་དུང་ཕན་བདེ་ཁང་གིས་དུས་ཚིགས་དང་བཟའ་བཅའི་རྒྱུ་ཆར་དམིགས་ནས་ལུགས་མཐུན་གྱི་ཟས་ཐོ་བཟོས་པ་དང་ཆབས་ཅིག ཕྲུ་གུ་ཚོར་ཤིང་འབྲས་དང་འོ་མ་སོགས་འཚོ་བཅུད་ལྡན་པའི་བཟའ་བཅའ་མཁོ་འདོན་བྱས་ཏེ་བྱིས་པའི་འཚོ་བཅུད་དོ་སྙོམས་ཡོང་བ་བྱས་ནས་ཕྲུ་གུ་ཚོ་ཟ་དུས་བློ་བདེ་བ་དང་བདེ་ཐང་ངང་འཚར་ལོངས་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། 2019ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་84.11ལྷག་ཙམ་བཏང་ནས་ཕན་བདེ་ཁང་ལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ལས་གྲྭ་རབ་དང་རིམ་པ་ལག་ལེན་བསྟར་ཏེ། དམར་ཕྱིའི་འོད་ཐིག་ཉེན་གཏོང་མ་ལག་དང་། ཕྱི་སྐོར་འགོག་སྲུང་ལྕགས་དྲ། བྱིས་པའི་ཐོག་བརྩེགས་ཁང་པའི་ཉལ་ཁང་གི་འགོག་སྲུང་སྒེའུ་ཁུང་། བྱིས་པའི་ཟ་ཁང་གི་འདྲེད་འགོག་པང་གཅལ་བཅས་སྒྲིག་སྦྱོར་བྱས་པ་དང་། སློབ་འཁོར་གྱི་གདན་ཤུབས་ཉོས་ཡོད་པ་རེད།

གཞན་ཡང་། ཕན་བདེ་ཁང་ལ་རྟག་ཏུ་ཚན་པ་དང་། ཁེ་ལས། མི་སྒེར་བཅས་མི་འདྲ་བའི་གཅེས་སེམས་རོགས་སྐྱོར་ཐོབ་ཅིང་། ན་ནིང་ཁོ་ནར། ཕན་བདེ་ཁང་གིས་འཚམས་འདྲི་བྱེད་མཁན་ཐེངས་40ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་འཚམས་འདྲིའི་དངུལ་སྒོར་ཁྲི་35.36དང་། བཟའ་བཅའ། གྱོན་ཆས། སློབ་སྦྱོང་ཡོ་བྱད། ལུས་རྩལ་མཁོ་ཆས་སོགས་ཀྱི་དངོས་ཟོག་དང་ལེན་བྱས་ཡོད་པ་རེད།

“ལོ་ལྟར་ང་ཚོར་གྱོན་ཆས་གསར་པ་དང་ལྷམ་གསར་པ་འབྱོར་གྱི་འདུག ང་ཚོར་རོགས་སྐྱོར་བྱེད་མཁན་གྱི་མི་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་རང་ཆེན་པོ་ཆགས་རྗེས་ཀྱང་མི་གཞན་ལ་རོགས་རམ་བྱེད་ཀྱི་ཡིན”ཞེས་བུ་མོ་ཆུང་ཆུང་ངག་དབང་བདེ་སྐྱིད་ཀྱིས་བརྗོད་པ་དང་། ཁོ་མོའི་གདོང་ལས་ཟོལ་མེད་ཀྱི་རྣམ་འགྱུར་ཞིག་མངོན་གྱི་འདུག