《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月05日

རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ལེགས་སྐྱེས་མུ་མཐུད་ཕུལ་བ།

ལེ་དབར་སྟོང་གིས་ཆོད་པའི་མཐོ་སྒང་ནས། རོགས་སྐྱོར་བྱས་ཏེ་གཅེས་སེམས་སྐྱེས་སུ་ཕུལ།

↑ འདི་ནི་ཟླ་3ཚེས་3ཉིན། ལྷོ་ཁ་གྲོང་ཁྱེར་གྱིས་ཧུའུ་པེར་ཞལ་འདེབས་བརྒྱབ་པའི་དངོས་ཟོག་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་3ཉིན་ཕྱོགས་བསྡུས་གནས་ཚུལ་འབྱོར་གསལ། ཉིན་ཤས་རིང་། རང་ལྗོངས་ཀྱི་ལས་བྱེད་པ་དང་། མང་ཚོགས། གཅེས་སེམས་མི་སྣ། ཁེ་ལས་བཅས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་ནས། ཏོག་གསར་གློ་ཚད་རིམས་ནད་ཀྱི་སྔོན་འགོག་ཚོད་འཛིན་ལ་རྒྱབ་སྐྱོར་བྱེད་ཆེད་སྟོབས་ཤུགས་ལེགས་སྐྱེས་ཕུལ་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ནུས་པ་བཏོན་ཡོད་པ་རེད།

ཟླ་3ཚེས་3ཉིན། ལྷོ་ཁ་གྲོང་ཁྱེར་གྱིས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ལ་སྒོར་ཁྲི་779.08རི་བའི་འཚོ་བའི་དངོས་ཟོག་ཞལ་འདེབས་བརྒྱབ་པའི་ནང་། རང་བྱུང་གཏེར་ཆུ་ཏུན་2000དང་། ཕག་ཤ་སོས་པ་ཏུན་30 སྔོ་ཚལ་སོས་པ་ཏུན་40བཅས་ཚུད་ཡོད་པ་རེད།

ཟླ་3ཚེས་1ཉིན། རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ལས་ཁུངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ལ་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བ་དང་། ད་ཐེངས་ཀྱི་ཞལ་འདེབས་འབུལ་བའི་བྱེད་སྒོར་ཁྱོན་དངུལ་སྒོར་30450ཞལ་འདེབས་བརྒྱབ་ཡོད་པ་རེད།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་ཚུན། རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོས་འགོ་བཏོན་ནས་དམངས་གཉེར་ཁེ་ལས་ཀྱིས་དངུལ་དང་དངོས་པོ་ཞལ་འདེབས་རྒྱག་པའི་སྐུལ་སློང་བྱས་ཤིང་། མིག་སྔའི་བར། ལྗོངས་ཡོངས་ཀྱི་དམངས་གཉེར་ཁེ་ལས་དང་ཚོང(མཐུན)ཚོགས834ཡིས་རིམ་རྩིས་ལྟར་ན་སྒོར་ཁྲི་7898.5ལ་རི་བའི་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་པའི་ནང་། ཞལ་འདེབས་དངུལ་སྒོར་ཁྲི་6303.54དང་ཞལ་འདེབས་དངོས་ཟོག་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་1594.96ཟིན་ཡོད་པ་རེད། ད་དུང་དམངས་ཕན་ཁེ་ལས་ཁག་གཅིག་གིས་ཧུའུ་པེར་བསྡོམས་མ་དངུལ་སྒོར་ཁྲི་821.73རི་བའི་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་ཡོད་པ་རེད།

ཟླ་3ཚེས་2ཉིན། སྤུ་ཧྲེང་རྫོང་གི་མཐའ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་ཞལ་འདེབས་འབུལ་བའི་བྱེད་སྒོ་སྒྲིག་འཛུགས་བྱས་པ་དང་། ས་ཚིགས་ཡོངས་ཀྱི་མི་དམངས་ཉེན་རྟོག་པས་སྒོར་14652ཞལ་འདེབས་བརྒྱབ་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་སྨན་དོན་མི་སྣ་དང་། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས། སྤྱི་བདེ་མི་དམངས་ཉེན་རྟོག་པ་སོགས་ལ་འཚམས་འདྲི་བྱེད་པར་སྤྱད་པ་རེད།

ཉེ་ཆར། ལྷ་ས་གྲོང་ཁྱེར་མཐའ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་ས་ཚིགས་ཡོངས་ཀྱི་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་གཅེས་སེམས་ཞལ་འདེབས་བྱེད་སྒོ་སྤེལ་བར་ཞིབ་བཤེར་ས་ཚིགས་ཀྱི་རྒྱ་ཆེའི་མི་དམངས་ཉེན་རྟོག་པས་དང་ལེན་ཧུར་ཐག་བྱས་ནས་ཁྱོན་སྒོར་ཁྲི་2.5ལྷག་ཙམ་ཞལ་འདེབས་བརྒྱབ་པ་རེད།

ཟླ་3ཚེས་2ཉིན་གྱི་ཕྱི་དྲོར། བོད་ལྗོངས་ས་མཐོའི་གཅེས་ནོར་འབྲི་གཡག་ཀུང་སིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པར་དངོས་ཟོག་ཞལ་འདེབས་འབུལ་བའི་བྱེད་སྒོ་གཉེར་བ་དང་། ད་ཐེངས་ཞལ་འདེབས་བརྒྱབ་པའི་དངོས་ཟོག་གཙོ་བོ་ནི་དར་མ་དང་རྒན་རྒོན་གྱིས་སྤྱོད་པའི་འབྲིའི་འོ་རྩམ་ཡིན་པ་དང་། རིན་ཐང་བསྡོམས་འབོར་སྒོར་ཁྲི་100ལྷག་ཙམ་ཟིན་ཡོད་པ་རེད།

ཉིན་ཤས་རིང་། མཐའ་མཚམས་རྫོང་གི་གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་རིམས་ནད་འགོག་རྒོལ་ལ་དངུལ་དང་དངོས་པོ་གཅིག་མཇུག་གཉིས་མཐུད་ངང་ཞལ་འདེབས་བརྒྱབ་ནས། གང་སར་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་ཟབ་མོ་མངོན་པར་བྱས་ཤིང་། མིག་སྔའི་བར། གམ་པ་རྫོང་གིས་ཝུའུ་ཧན་གྲོང་ཁྱེར་ལ་ཞལ་འདེབས་སྒོར་ཁྲི་108.98བརྒྱབ་པ་དང་། སྤོ་རོང་ཤང་གི་འབྲོག་པ་མང་ཚོགས་དང་ལས་བྱེད་ལས་བཟོ་236གིས་རང་འགུལ་ངང་ཞལ་འདེབས་སྒོར་ཁྲི་15.28བརྒྱབ་པ། གྲོ་མོ་ཤང་རིན་ཆེན་སྒང་གྲོང་ཚོའི་ཀུན་དགའ་ཚེ་དབང་གཅེན་གཅུང་གསུམ་གྱིས་ཝུའུ་ཧན་གྲོང་ཁྱེར་ལ་སྒོར་ཁྲི་14ཞལ་འདེབས་བརྒྱབ་པ་རེད།

ལོ་གསར་གཏོང་སྐབས་ལོ་གསར་གྱི་རྔན་པ་ནི་ཕྲུ་གུ་ཚོས་དགའ་ཤོས་བྱེད་ས་ཞིག་རེད། འདི་ལོའི་བོད་ཀྱི་ལོ་གསར་སྐབས། ལྷུན་གྲུབ་རྫོང་ལྕང་ར་ཤར་ཤང་བརྒྱ་གྲོང་གྲོང་ཚོའི་མཐོ་རིམ་སློབ་འབྲིང་གི་སློབ་མ་ལྷ་མོ་བདེ་གཡང་ལ་ལོ་གསར་གྱི་རྔན་པ་རག་རྗེས། དོན་སྙིང་ལྡན་པའི་བྱ་བ་ཞིག་བྱེད་འདོད་པ་ནི་ལོ་གསར་གྱི་རྔན་པ་ཝུའུ་ཧན་གྱི་རིམས་ནད་འགོག་རྒོལ་ལ་ཞལ་འདེབས་འབུལ་རྒྱུ་དེ་རེད། དེར་བརྟེན། ཁོ་མོས་པ་ཕ་བརྒྱུད་ནས་ལོ་གསར་གྱི་རྔན་པ་སྒོར་2000གྲོང་ཚོ་ཨུ་ལྷན་ལ་བསྐྱལ་ནས་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རང་ཉིད་ཀྱི་ལེགས་སྐྱེས་ཕྲན་བུ་ཕུལ་བ་རེད།

(དཀོན་སྒྲོལ་གྱིས་བསྒྱུར། པ་ཚེས་ཞུས)