《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月05日

ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས།

《མིག་སྔའི་དཔྱིད་རྨོད་ཐོན་སྐྱེད་ལས་དོན་གྱི་ཕྱོགས་སྟོན》བཀྲམ་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་2ཉིན་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་དང་དཔྱིད་དུས་ཞིང་ལས་ཐོན་སྐྱེད་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ས་ཁུལ་ཁག་གིས་ཁུལ་དབྱེ་རིམ་དབྱེའི་སྒོ་ནས་དཔྱིད་རྨོད་ཐོན་སྐྱེད་སྒྲིག་ལམ་སླར་གསོ་བྱེད་པར་སྐུལ་འདེད་གཏོང་ཕྱིར《མིག་སྔའི་དཔྱིད་རྨོད་ཐོན་སྐྱེད་ལས་དོན་གྱི་ཕྱོགས་སྟོན》(གཤམ་དུ་ཕྱོགས་སྟོན་ཞེས་བསྡུ་རྒྱུ)བཀྲམ་པ་རེད།

ཕྱོགས་སྟོན་ནང་ཁ་གསལ་བསྟན་དོན། འབྲུ་རིགས་བདེ་འཇགས་ཐད་ཀྱི་ཧྲེང་ཀྲང་གི་འགན་འཁྲིའི་ལམ་ལུགས་ནན་ཏུ་བཏང་ནས། དཔྱིད་རྨོད་ཐོན་སྐྱེད་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་འགན་འཁྲིའི་ལམ་ལུགས་ཀྱི་དཔྱད་ཞིབ་ནང་དོན་གལ་ཆེན་ལ་བརྩི་བ་དང་། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)ཁག་གི་འབྲུ་རིགས་འདེབས་ཁྱོན་དང་ཐོན་འབབ་ལོ་གོང་མའི་ཆུ་ཚད་དུ་བརྟན་འཁྱོངས་བྱེད་དགོས། འབྲུ་རིགས་ཐོན་ཁུལ་གཙོ་བོས་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱེད་པ་དང་། ཐོན་སྐྱེད་དང་ཕྱིར་ཚོང་དོ་སྙོམས་ཁུལ་དང་ཕྱིར་ཚོང་གཙོ་ཁུལ་གྱིས་དགོས་ངེས་ཀྱི་རང་མཁོ་རང་འདང་ཐུབ་ཚད་རྒྱུན་འཁྱོངས་ཀྱིས་ཐུན་མོང་ཐོག་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཁུར་དགོས།

ཕྱོགས་སྟོན་ནང་བཏོན་དོན། ས་ཁུལ་ཁག་གིས་གོ་སྐབས་མ་ཤོར་བར་དཔྱིད་དུས་ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ནས། འབྲུ་རིགས་དང་ཞིང་ལས་ལ་ལོ་ལེགས་ཡོང་བ་བྱེད་དགོས་ཏེ། གཅིག་ནས་དཔྱིད་འདེབས་ཀྱི་འབྲུ་རིགས་འདེབས་ཁྱོན་འགན་ལེན་བྱེད་དགོས་ཤིང་། གྲོ་དང་འབྲས་ཀྱི་ཉོ་བསྡུའི་རིན་གོང་དམའ་ཤོས་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས། ཞིང་པའི་འབྲུ་འདེབས་ཧུར་སེམས་འཕེལ་བར་བྱེད་དགོས། གཉིས་ནས་རིམ་པ་དབྱེ་བ་དང་རིགས་དབྱེ་ནས་དཔྱིད་རྨོད་ཐོན་སྐྱེད་ཀྱི་སྒྲིག་ལམ་གང་མགྱོགས་སླར་གསོ་བྱེད་དགོས། གྲོང་གསེབ་ཀྱི་དོན་དངོས་ནས་འགོ་བཙུགས་ཏེ་ཧེ་བག་ཅན་གྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་བཟོ་བ་ལས“བརྒྱ་ཁ་གཅིག་གཅོད”མི་བྱེད་པར། ཞིང་ལས་རྒྱུ་ཆ་མཁོ་སྤྲོད་དང་། ཞིང་འཕྲུལ་རྨོ་འདེབས། ཞིང་པ་ཞིང་ནང་དུ་སྐྱོད་པ་སོགས་ཀྱི་འགག་ས་ཤར་གཏོང་བྱེད་དགོས། གསུམ་ནས་ཁུལ་དབྱེ་སྟེ་དུས་ཐོག་ཏུ་དཔྱིད་རྨོད་དོ་དམ་ལ་དམ་འཛིན་ཡག་པོ་བྱེད་དགོས། ལྷོ་ཕྱོགས་ཀྱི་སྔ་འདེབས་འབྲས་ཐོན་ཁུལ་དུ་ཞིང་པས་དུས་དང་བསྟུན་ནས་ཞིང་ཆུ་གཏོང་བ་དང་རྨོ་འདེབས་མྱུག་གསོ་བྱེད་པར་ཁྲིད་སྟོན་དང་། གཅིག་སྡུད་མྱུག་གསོ་ཁྱབ་གདལ་ཤུགས་ཆེན་བཏང་སྟེ་རྨོ་འདེབས་དང་འཚམ་པའི་དུས་སུ་འདེབས་པའི་འགན་ལེན་བྱེད་དགོས།

ཕྱོགས་སྟོན་ནང་ནན་བཤད་བྱས་དོན། དཔྱིད་རྨོད་ཐོན་སྐྱེད་ཀྱི་ཞིང་ལས་རྒྱུ་ཆ་མཁོ་སྤྲོད་ལ་འགན་ལེན་བྱེད་པ་དང་། ཞིང་ལས་རྒྱུ་ཆའི་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་གཏོང་བ། ལས་འགོ་བཙུགས་ནས་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲོམ་རའི་མཁོ་སྤྲོད་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཞིང་ལས་རྒྱུ་ཆ་གྲོང་ཚོ་དང་དུད་ཚང་དུ་སྐྱེལ་བ་དང“གནད་ཀྱིས་གནད”ལ་མཁོ་སྤྲོད་འགན་ལེན་བྱེད་པའི་སྐྱེལ་འདྲེན་གྱི་ཐོགས་མེད་བགྲོད་ལམ་བཏོད་ནས། གོ་རིམ་ལྡན་པའི་ངང་ཚོང་གཉེར་ལས་འགོ་སྔ་ཙམ་འཛུགས་གང་ཐུབ་བྱེད་དགོས། ཞིང་ལས་རྒྱུ་ཆའི་ཁྲོམ་རའི་ལྟ་འདོམས་ལ་ཤུགས་སྣོན་དང་། ཞིང་ལས་རྒྱུ་ཆ་རྫུས་མ་དང་སྤུས་ཞན་བཟོ་བ་དང་འཚོང་བ། རིན་གོང་ཧམ་ཤེད་ཀྱིས་སྤོར་བ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ལ་དམ་འཛིན་ཡག་པོ་བྱེད་དགོས། ཞིང་ནང་ཆུ་བེད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། དཔྱིད་དུས་ཀྱི་ཞིང་ནང་ཆུ་བེད་ལས་གྲྭ་དང་ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་ལས་འགོ་གང་མགྱོགས་འཛུགས་པར་སྐུལ་འདེད་གཏོང་དགོས། རང་བྱུང་གནོད་འཚེར་འགོག་ཟོན་དང་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡར་ཤུགས་སྣོན་བརྒྱབ་ནས། གྲང་འགོག་འཁྱག་འགོག་དང་ཞོད་འགོག་ཐན་འགོག་གི་གྲ་སྒྲིག་ཨང་བསར་བྱེད་དགོས། ས་ཁུལ་ལས་བརྒལ་བའི་འཕྲུལ་རྨོད་འཕྲུལ་འདེབས་སྒྲིག་འཛུགས་ཡག་པོ་བྱས་ནས། སྤུས་ཚད་དང་ཚད་གཞི་མཐོ་བའི་དཔྱིད་འདེབས་ལས་འགན་ལེགས་གྲུབ་བྱེད་དགོས། ཞིང་པ་ལས་མི་ལས་གནས་སུ་ལོག་པར་སྒྲིག་འཛུགས་དང་དཔྱིད་རྨོད་ཐོན་སྐྱེད་ལ་མཛུབ་ཁྲིད་བྱེད་རིང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་སྒྲུབ་པ་ལས་ཀའི་གཙོ་གནད་དུ་བཞག་ནས། མི་འབོར་དབུལ་པོར་སྔོན་ལ་བསམ་གཞིག་བྱེད་དགོས།

(དོན་གྲུབ་ཀྱིས་བསྒྱུར། དོན་གྲུབ་དང་དབང་སྒྲོལ་སྐྱིད་ཀྱིས་ཞུས)