《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月04日

མི་སེམས་གཅིག་ཏུ་བསྒྲིལ་ནས་རིམས་ནད་ལས་རྣམ་པར་རྒྱལ་བར་བྱེད།

—— ཆབ་མདོ་གྲོང་ཁྱེར་གྱི་ལས་རིགས་ཁག་གིས་རིམས་ནད་འགོག་རྒོལ་ནང་མཉམ་དུ་ཧུར་ཐག་ཞུགས་པ།

ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་དགའ་དུང་ཁྲོམ་གཞུང་སྡེ་ཁུལ་གྱི་རིན་གོང་ཁེ་བའི་སྔོ་ཚལ་ཐད་འཚོང་ས་ཚིགས་སུ་བསྐྱོད་ཚེ་སྔོ་ཚལ་དང་ཤིང་འབྲས་སྣ་ཁ་འཛོམས་ཤིང་། གྲོང་མི་འགས་ཞིབ་ཚཌ་ངང་འདེམས་ཉོ་བྱེད་བཞིན་འདུག

“དམིགས་བསལ་གྱི་དུས་སྐབས་སུ་དངོས་ཟོག་རིན་གོང་འཕར་མེད་པས་ང་ཚོའི་བློ་བདེ་པོ་འདུག”ཅེས་གྲོང་མི་ཟླ་བ་དོན་གྲུབ་ཀྱིས་སྔོ་ཚལ་འདེམས་ཞོར་དུ“ནད་དུག་ལ་སྐྲག་དགོས་དོན་མེད། རྒྱལ་ཡོངས་མི་དམངས་ཀྱི་ཐུན་མོང་འབད་བརྩོན་འོག་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བཤད།

ཡིད་ཆེས་དང་རེ་སྒུག་འདི་ནི་ཆབ་མདོ་གྲོང་ཁྱེར་ལ་དངོས་ཟོག་འབེལ་པོ་ཡོད་པ་དང་། ལས་རིགས་ཁག་གི་ངལ་རྩོལ་པས“ཁྱིམ་ཆུང་འདོར་ནས་ཁྱིམ་ཆེན་སྐྱོང་བ”ལས་གྲུབ་པའི་སྟོབས་ཤུགས་ཆེན་པོ་དང་། དུས་ཐོག་དང་། ཕྱོགས་ཡོངས། ཚན་རིག་དང་མཐུན་པ། དབང་གྲགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱས་པ་བཅས་ལས་བྱུང་བ་རེད།

དངོས་ཟོག་འབེལ་པོ་ཡོད་པས་བློ་བདེ་བ།

ཁ་རུབ་ཆུས་བསྟོད་དགའ་གྲོང་གསར་གྱི་སྔོ་ཚལ་འདེབས་འཛུགས་རྟེན་གཞིའི་དྲོད་ཁང་ཆེ་མོའི་ནང་པད་ཚལ་དང་། ཐུང་ཧོ། ཙོང་སོགས་སྐྱེ་འཚར་ལེགས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་ཡོངས་ལ་སྔོ་ཚལ་རྒྱ་ཁྱོན་མུའུ་1063ལྷག་ཙམ་ཡོད་པ་དང་། སྔོན་དཔག་བྱས་ན། ཟླ་གཅིག་རིང་སྔོ་ཚལ་ཏུན་222.3བསྡུ་ཐུབ་པ་དང་། གྲོང་ཁྱེར་ཡོངས་ཀྱི་གསོ་སྤེལ་ར་བ་ཁག་ཏུ་ལག་ཡོད་ཕག་པ་མགོ་གྲངས་ཁྲི་1.4དང་ལག་ཡོད་འབྲི་གཡག་མགོ་གྲངས་1500ལྷག་ཙམ་ཟིན་པས་དུས་ཡུན་རིང་པོར་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་བསྐང་ཐུབ་རྒྱུ་རེད།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད། ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས“འགན་ལེན་བརྒྱད་དང་བརྟན་ལྷིང་གཅིག”གི་ལས་དོན་གྱི་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱས་པ་དང་། སྲིད་གཞུང་གི་སྙོམས་སྒྲིག་སྟངས་འཛིན་དང་ཁྲོམ་ར་ལེགས་སྒྲིག་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས“ཤ་ཚལ་སྒོང་གསུམ”ཐོན་སྐྱེད་མཁོ་སྤྲོད་འགན་ལེན་དང་། “ཐོགས་མེད་བགྲོད་ལམ”གཏོད་པ། སྲིད་ཇུས་ཀྱིས་གཞི་རྩར་འགན་ལེན་སོགས་བྱས་པ་བརྒྱུད། རིམས་ནད་སྔོན་འགོག་ཚོད་འཛིན་རིང་གི་དམངས་འཚོའི་ཚོང་ཟོག་འགན་ལེན་དང་། མཁོ་སྤྲོད། རིན་གོང་བརྟན་པ་བཅས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ་རེད།

ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ད་དུང་ཐབས་ལམ་མང་པོར་བརྒྱུད། ཁག་དང་པོའི་སྨན་སྤྱོད་ཀྱི་སྤྱོད་གཅིག་མའི་ཁ་རས་28900དང་། འགོག་སྲུང་གྱོན་ཆས་1180 PEལག་ཤུབས་ཆ་3000བཅས་ཉོ་སྒྲུབ་བྱས་ཏེ། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ལ་སྨན་སྤྱོད་ཁ་རས་17630དང་། མིག་སྲུང་མིག་ཤེལ་228 ལོགས་འཇོག་མིག་ཤེལ་300བཅས་མཐུན་སྦྱོར་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་སྨན་སྤྱོད་འགོག་སྲུང་དངོས་ཟོག་མཁོ་འདོན་དང་འགན་ལེན་བྱས་པ་རེད།

ཀུན་སེམས་གཅིག་སྒྲིལ་བྱས་ཚེ་

སྟོབས་ཤུགས་ཆགས།

སྨན་བཅོས་ཐོན་ཁུངས་འབེལ་པོ་ཡོད་པར་བརྟེན་ནས་རྒྱ་ཆེའི་མང་ཚོགས་བློ་བདེ་པོ་བྱུང་ཡོད་ཅེས་བརྗོད་ཚེ་དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད་དང་ལས་གནས་བརྟན་སྲུང་བྱེད་མཁན་གྱི་ལས་དོན་མི་སྣ་ནི་མི་སེར་སེམས་ནང་གི“གྲུ་གནོན་རྡོ”ཡིན་ཞེས་བརྗོད་ཆོག

ཟླ་1ཚེས་20ཉིན། དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་སྐབས་སུ་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་གི་རུ་མི་རེས་སྐོར་འཁོར་ཤག་སྡོད་འགོ་ཚུགས་མོད། འོན་ཀྱང་། གློ་བུར་དུ་བྱུང་བའི་རིམས་ནད་ཀྱིས་ཁོང་ཚོའི་འཆར་གཞིར་འགྱུར་ལྡོག་བྱུང་ཡོད།

ཟླ་1ཚེས་25ཉིན། 《སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་རིགས་གཅིག་མཁས་ཅན་ཁག་གཅིག་སྔོན་དུ་ལས་གནས་སུ་ལོག་དགོས་པའི་སྐོར་གྱི་བརྡ་ཐོ》འབྱོར་རྗེས། ཁྲུང་ཆིང་དང་། ཐེན་ཅིང་། ཧྥུའུ་ཅན་བཅས་ཀྱི་བོད་སྐྱོར་སྨན་པས་འཕྲལ་མ་ཉིད་དུ་རྡོག་ཁྲེས་གྲ་སྒྲིག་བྱས་ཏེ་དུས་ཐོག་ཏུ་ཆབ་མདོར་ལོག འབྱོར་རྗེས་ཁོང་ཚོས་ལོགས་འཇོག་ལྟ་ཞིབ་ཀྱི་བླང་བྱ་ལག་ལེན་བསྟར་ཞོར་ཁ་པར་དང་། སྐད་འཕྲིན། བརྙན་ཐུང་སོགས་ཀྱི་ཐབས་ལམ་བརྒྱུད་ས་གནས་དེ་གའི་སྨན་ཁང་ལ་ཏོག་གསར་གློ་ཚད་སྐྱོབ་བཅོས་གསོ་སྦྱོང་དང་འཕྲལ་སྡོམ་གྲ་སྒྲིག་ཁག་གི་ལས་དོན་སྤེལ་རོགས་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། གྲོང་ཁྱེར་ཡོངས་ཀྱི་གནས་གཏན་འཁེལ་གྱི་སྨན་ཁང་གི་སྨན་བཅོས་ལག་རྩལ་རྐང་འཛིན་པ་227སྐོང་འཐེན་བྱས་ནས་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སྨན་བཅོས་ཚོགས་ཆུང་23གྲུབ་པ་དང་། གནས་གཏན་འཁེལ་མིན་པའི་སྨན་ཁང་གི་ལག་རྩལ་རྐང་འཛིན་པ་100སྐོང་འཐེན་བྱས་ནས་སྨན་བཅོས་ཚོགས་ཆུང་གི་གྲ་སྒྲིག་དཔུང་ཁག་བཙུགས་ཏེ། སྨན་བཅོས་འཕྲལ་སྡོམ་རོགས་སྐྱོབ་ཁྲོད་སྤྱད་པ་རེད།

སྨན་དོན་མི་སྣ་ཕུད། གྲོང་ཁྱེར་དེ་ཡོངས་ཀྱི་སྤྱི་བདེ་ལས་བྱེད་ཉེན་རྟོག་པ་3229དང་དམིགས་བསལ་ལས་དོན་ལ་མཁོ་བའི་མི་སྣའང་ལས་གནས་སུ་ལོག་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཁྲོད་ཞུགས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཚེ་སྲོག་བདེ་ཐང་གི་བདེ་འཇགས་འགོག་སྲུང་འཛིང་རགས་ཧུར་ཐག་བསྐྲུན་པ་རེད།

དྲིལ་བསྒྲགས་གནད་དུ་འཁེལ་བས་

ཡིད་ཆེས་བརྟན།

ད་ཆ་ཁུལ་ཆུང་གང་དུ་སླེབས་ཀྱང་སྒོ་འགྲམ་དུ་ཉིན་མཚན་དབྱེར་མེད་ཀྱི་ལས་རེས་བྱེད་མཁན་ཏང་ཡོན་ལས་བྱེད་པ་དང་སྡེ་ཁུལ་གྱི་ལས་དོན་མི་སྣ་དང་དེ་བཞིན“ཁ་རས་རྒྱོབ། ལག་པ་ཡང་སེ་ཁྲུས། སྒེའུ་ཁུང་མང་ཙམ་ཕྱེ”“དགའ་ཉེ་སྤུན་མཆེད་མི་འཛོམས་པ་དང་། འདུ་འཛོམས་དང་ཁ་ལག་མཉམ་ཟ་མི་བྱེད་པ”སོགས་ཀྱི་དྲན་སྐུལ་མཐོང་རྒྱུ་ཡོད།

ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་འབོ་ལོ་གྲོང་རྡལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དང་པོའི་གྲོང་མི་ཚེ་རྡོར་གྱིས་འོས་འགན་དྲིལ་བསྒྲགས་པ་བྱས་པ་རེད། ཕྱི་ཕྱོགས་སུ་འགྲོ་མཁན་གྲོང་མི་འཕྲད་ཚེ་ཁོང་གིས་རང་འགུལ་ངང་རིམས་འགོག་ཤེས་བྱ་དྲིལ་བསྒྲགས་བྱེད་ཀྱི་ཡོད། གོ་བདེ་རྟོགས་སླའི་རིམས་འགོག་དྲན་སྐུལ་ལས་གྲོང་མིར་སྙིང་ཉེ་བའི་ཚོར་སྣང་ཟབ་མོ་བྱུང་བ་མ་ཟད། ཚང་མ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཞུགས་པའི་ཧུར་བརྩོན་རང་བཞིན་ལའང་སྐུལ་སློང་ཐེབས་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། དྲིལ་བསྒྲགས་ཁྲིད་སྟོན་ཡོངས་ཁྱབ་ཐུབ་པའི་འགན་ལེན་བྱ་ཆེད། ཆབ་མདོ་གྲོང་ཁྱེར་གྱི་སྨྱན་སྦྱོར་གཙོ་བོ་དང་དེ་བཞིན་སྨྱན་སྦྱོར་གསར་པས《ཀུན་སེམས་གཅིག་སྒྲིལ་གྱིས་རིམས་འགོག་བྱེད》《རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ》སོགས་ཀྱི་ལེ་ཚན་བཟོས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་དུས་ཐོག་ཏུ་ཡོངས་བསྒྲཌ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་འཕེལ་རིམ་བརྡ་ཁྱབ་དང་སྲིད་ཇུས་བྱེད་ཐབས་དྲིལ་བསྒྲཌ་དང་འགྲེལ་བཤད་བརྒྱབ་པ་རེད།

(ཚེ་ཁོས་བསྒྱུར། བསོད་བདེ་དང་ཚེ་ཁོས་ཞུས)