《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月01日

༄༅།།སྙིང་གཏམ་གསེར་ཞུན།

ཀྭ་ཡེ་གསོན་དང་སྙིང་གི་སློབ་བུ་ཚོ། །

ཁ་ཙམ་མ་ཡིན་སྙིང་གཏམ་ཚིག་གསུམ་ཞུ། །

ག་ཆད་མེད་པར་སློབ་གྲྭའི་སྐྱེད་ཚལ་དུ། །

ང་ཚོ་མཉམ་དུ་ཤེས་རིག་སྦྱོང་བར་འབད། །

ཅ་ཅོའི་སྐད་སྒྲ་མ་ཡིན་བཤེས་གཉེན་གྱིས། །

ཆ་ལུགས་ཀུན་མཐུན་གསུངས་པའི་བསླབ་བྱ་དག།

ཇ་ལོ་གསར་པའི་རོ་བཅུད་མྱོང་བ་ལྟར། །

ཉ་ཉོག་མེད་པར་ཡིད་ལ་གསལ་པོར་ངེས། །

ཏ་ལེར་རྒན་གྱིས་འཁྲིད་པའི་སློབ་ཁྲིད་ཀྱི། །

ཐ་སྙད་ཙམ་ལའང་གོ་བ་ཡང་དག་གིས། །

ད་ལྟ་ཉིད་ནས་བློ་ལ་ངེས་གྱུར་ན། །

ན་མཉམ་ཁྲོད་ནས་སྦྱངས་འབྲས་གཟེངས་སུ་ཐོན།།

པ་ལོར་གཡུ་བྱུར་བརྒྱན་གྱིས་སྤུད་པ་ལས། །

ཕ་ལམ་ལས་ལྷག་དུས་ཚོད་གཅེས་འཛིན་གྱིས། །

བ་བེར་མེད་པར་སློབ་ལ་བརྩོན་གྱུར་ན། །

མ་བཟང་བུ་རྒོད་ཅན་ཞིག་གྱུར་བར་ངེས། །

ཙ་རི་རོང་སྐོར་འགྲོ་བའི་སྙིང་སྟོབས་དང་། །

ཚ་གྲང་དཀའ་ངལ་ཅི་ཡང་བཟོད་ནུས་ཀྱིས། །

ཛ་དྲག་ཆེན་པོས་སློབ་ལ་གཞོལ་གྱུར་ན། །

ཝ་ཞྭ་སྤྱི་བོའི་རྒྱན་ལྟར་ཀུན་གྱིས་བཀུར། །

ཞ་ར་མིན་ན་དུས་སྐབས་བཟང་པོ་འདིར། །

ཟ་བཏུང་འབའ་ཞིག་ཆེད་དུ་མི་འཚོ་བར། །

འ་ཅག་མེས་པོས་བཞག་པའི་སྐད་ཡིག་གཉིས། །

ཡ་རབས་བཟང་པོས་མི་ཉམས་གོང་དུ་སྤེལ། །

ར་རིའི་དྲི་མས་མ་སྦགས་བསིལ་ལྗོངས་འདིིའི། །

ལ་དང་ལུང་པ་ཀུན་གྱི་འཕོ་འགྱུར་ཆེད། །

ཤ་ཚ་ཆེན་པོས་ལག་རྗེས་ཕྲན་བུ་ཞིག །

ས་སྟེང་འདི་རུ་འཇོག་པར་རེམས་ཤིག་ཨང་། །

ཧ་ཅང་སྡེབ་སྦྱོར་དམན་པའི་ཀ་ཕྲེང་འདི། །

ཧ་ཅང་བྲེལ་བའི་ལས་ཀའི་བར་གསེང་དུ། །

ཨ་མ་བཀའ་དྲིན་ཅན་གྱིས་གསོས་པའི་བུས། །

ཨ་ཡིག་བར་དུ་བྲིས་པས་དགེར་གྱུར་ཅིག །