《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月17日

རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོའི་གཞུང་དོན་ཁང་གིས་བརྡ་ཐོ་བཀྲམ་ནས།

“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རིང་ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་གྱི་ཆེད་དོན་སྐད་འཕྲིན་གྱི་སྒྲོག་འགྲེལ་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་14ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོའི་གཞུང་དོན་ཁང་གིས《“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རིང་ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད་པའི་ཆེད་དོན་སྐད་འཕྲིན་གྱི་སྒྲོག་འགྲེལ་ཡག་པོ་བྱེད་དགོས་པའི་བརྡ་ཐོ》བཀྲམ་པ་རེད།

བརྡ་ཐོའི་ནང་བསྟན་དོན། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་མིག་སྔའི་གལ་འགངས་ཆེ་ཤོས་དང་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་རེད། དེས་ན། རིམ་ཁག་བྱེད་སྒོའི་གཞུང་དོན་ཁང་དང་རྒྱ་ཆེའི་རྐང་འཛིན་སྒྲོག་འགྲེལ་པ་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། རིམས་ནད་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་པར་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུ་བ་དང་དམག་འཐབ་ཀྱི་མདུན་དུ་བཀའ་ཕབ་མ་ཐག་བྱ་སྤྱོད་སྤེལ་ནས། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་འདོམས་དང་། གཅིག་གྱུར་མཐུན་སྦྱོར། གཅིག་གྱུར་བཀོད་གཏོང་བཅས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་དགོས་པ་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པར་ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི་བརྩེ་སེམས་ཟབ་མོ་དར་སྤེལ་བཏང་སྟེ་ཧུའུ་པེའི་མི་དམངས་དང་ཕྱར་བ་གྲུ་འདེགས་དང་དཔུང་པ་མཉམ་གཤིབ་ཀྱིས་འཐབ་འཛིང་བྱེད་དགོས་པ། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན་བྱེད་པར་རིམས་ནད་འགོག་རྒོལ་བྱ་རྒྱུར་མི་ཚང་མར་འགན་འཁྲི་ཡོད་པ་གསལ་པོར་ཤེས་པ་བྱས་ནས་ཕྱི་ནས་འགོས་རྒྱུ་སྔོན་འགོག་དང་ནང་དུ་མཆེད་རྒྱུ་སྔོན་འགོག་བྱེད་པའི་མི་དམངས་ཀྱི་འགོག་སྲུང་འཛིང་རགས་ཐུན་མོང་ཐོག་སྐྲུན་དགོས་པ། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད་པར་རང་ཉིད་དང་། ད་ཆ། ཉེ་འགྲམ་གྱི་དོན་ཆུང་བཅས་ནས་འགོ་བཙུགས་ཏེ་ཚན་རིག་དང་། ཤེས་དཔལ། བདེ་ཐང་བཅས་ཀྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་བྱེད་པ་དང་། རྒྱ་ཆེའི་མང་ཚོགས་ཚོར་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་འཐབ་རྩོད་བྱེད་པའི་འཐབ་ས་དང་པོའི་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་ཐུན་མོང་ཐོག་རྒྱལ་ཁ་ལེན་དགོས་པ་བཅས་ལ་ངོས་འཛིན་གཏིང་ཟབ་ལེན་དགོས།

བརྡ་ཐོའི་ནང་བླང་བྱ་བཏོན་དོན། རྒྱ་ཆེའི་རྐང་འཛིན་སྒྲོག་འགྲེལ་པ་ཚོས་སྐད་འཕྲིན་སྒྲོག་འགྲེལ་གྱི་གཙོ་ཤུགས་དམག་ཡག་པོ་ཞིག་བྱས་ནས། སྐད་འཕྲིན་དེ་ལས་སྟེགས་གལ་ཆེན་ལ་བརྩི་བ་དང་སྐད་འཕྲིན་སྒྲོག་འགྲེལ་དེ་བྱ་ཐབས་གལ་ཆེན་ལ་བརྩིས་ནས“ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད་པའི”ཆེད་དོན་ལ་དམིགས་ཏེ་མང་ཚོགས་ཚོར་ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད་པ་ནི་མཛེས་སྡུག་ལྡན་པའི་འཚོ་བའི་ཕུགས་འདུན་ཐུན་མོང་ཐོག་གཏོད་པའི་དུས་རབས་ཀྱི་གོམས་སྲོལ་གསར་པ་དར་སྤེལ་གཏོང་བ་དང་། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་རང་རྟོགས་ངང་བཀག་འགོག་བྱས་ནས་གོམས་སྲོལ་སྒྱུར་བ་དང་སྲོལ་ངན་ལ་འགྱུར་ལྡོག་བཏང་སྟེ་ཚན་རིག་དང་། ཤེས་དཔལ། བདེ་ཐང་བཅས་ཀྱི་འཚོ་བ་གསར་པ་དོན་གཉེར་བྱེད་དགོས་པ་དང་། རྒྱལ་གཅེས་དང་། ལས་བཀུར། ལྷག་བསམ། མཛའ་མཐུན་བཅས་ཀྱི་སྤྱི་དམངས་ཀྱི་གཞི་རྩའི་ཀུན་སྤྱོད་ཀྱི་ཚད་གཞིར་བརྩི་སྲུང་ཞུས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཁྲོད་གནས་ལུགས་གསལ་པོ་རྟོགས་པ་དང་། སྤྱི་པའི་སྤྱོད་བཟང་སྲུང་བ། སྒེར་གྱི་ཀུན་སྤྱོད་ནན་དུ་གཏོང་བ། འཕྲོད་བསྟེན་གྱི་གོམས་གཤིས་ཡག་པོ་འཇགས་པར་བྱས་ནས་ཤེས་དཔལ་ལ་སྣང་ཆེན་དང་། འཕྲོད་བསྟེན་ལ་སྣང་ཆེན། ཚན་རིག་ལ་སྣང་ཆེན་བཅས་བྱས་ཏེ་རང་བྱུང་ཁམས་ལ་བརྩི་འཇོག་དང་སྲོག་ཆགས་ལ་སྲུང་སྐྱོང་བྱེད་དགོས་པ། ཁྲིམས་སྐྱོང་གི་འདུ་ཤེས་བརྟན་པོར་བཙུགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་རང་རྟོགས་ངང་བཀག་འགོག་བྱེད་དགོས་པ། ཁྱིམ་དུ་བསྡད་དེ་ལོ་གསར་སྟབས་བདེ་གཏོང་བ་དང་། ཡ་རབས་ངང་ལོ་གསར་གཏོང་བ། གཉེན་ཉེ་དང་གྲོགས་པོར་འཚམས་འདྲིར་ཉུང་ཙམ་སྐྱོད་པ་བཅས་བྱས་ནས་མགྲོན་པོར་མི་འགྲོ་བ་དང། མཉམ་འཛོམས་མི་བྱེད་པ། སྤྱི་པའི་བྱེད་སྒོ་སྤེལ་ཡུལ་དུ་མི་འགྲོ་བ་བཅས་བྱེད་དགོས་ལུགས་གསལ་པོ་བརྗོད་དགོས།

བརྡ་ཐོའི་ནང་ནན་བཤད་བྱས་དོན། རིམ་ཁག་བྱེད་སྒོའི་གཞུང་དོན་ཁང་གིས་ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད་པའི་ཆེད་དོན་སྐད་འཕྲིན་གྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་རྒྱུ་དེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་དང་རྒྱ་སྐྱེད་གཏོང་བའི་མཚོན་ཚུལ་གལ་ཆེན་ཞིག་དང་། མི་རིགས་ཀྱི་སྙིང་སྟོབས་སྐྱེད་སྲིང་དང་མི་ཡུལ་གྱི་བརྩེ་བ་ཆེན་པོ་དར་སྤེལ་གཏོང་བའི་རླབས་ཆེན་གྱི་ལག་ལེན་དང་གསོན་ཉམས་ལྡན་པའི་སློབ་གཞི་ཞིག་ལ་བརྩིས་ཏེ། ཚད་མཐོའི་མཐོང་ཆེན་དང་། བཀོད་སྒྲིག་ཞིབ་ཚགས། སྟོན་ཕྱོགས་དམ་འཛིན། འགན་ལེན་ལ་ཤུགས་སྣོན་བཅས་ཀྱི་ཐོག་ནས་གྲོང་ཚོ(གྲོང་ལྷན)ཚན་པར་བྱས་ཏེ་གྲོང་ཚོ་ཚང་མར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྒྲོག་འགྲེལ་སྐད་འཕྲིན་ཚོགས་པར་འཛུགས་པ་དང་། གྲོང་ཚོར་ཁྱབ་པའི་སྒྲོག་འགྲེལ་དང་། གནད་སྨིན་སྒྲོག་འགྲེལ། རིག་གནས་རིག་རྩལ་གྱི་སྒྲོག་འགྲེལ་བཅས་ནན་ཏན་ངང་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྐད་འཕྲིན་གྱི་སྒྲོག་འགྲེལ་སྡེ་ཁུལ་དང་། ཞིང་འབྲོག་ཁུལ། སློབ་གྲྭ ཁེ་ལས། དགོན་སྡེ་བཅས་སུ་སྤེལ་རྒྱུའི་འགན་ལེན་བྱེད་དགོས།

(ཉི་མ་དོན་གྲུབ་ཀྱིས་བསྒྱུར། ཉི་དོན་དང་པད་ཆོས་ཀྱིས་ཞུས)