《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月16日

རང་ལྗོངས་ཀྱི་ཆོས་ལུགས་ལས་རིགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ནང་ཧུར་ཐག་ཞུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། རང་ལྗོངས་ཀྱི་ཆོས་ལུགས་ལས་རིགས་ཀྱིས་རིམ་ཁག་ཏང་རྩ་འཛུགས་ཀྱི་འབོད་སྐུལ་ལ་བརྡ་ལན་ཧུར་ཐག་ཞུས་ནས་ཐབས་ལམ་སྣ་མང་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ནང་ཞུགས་ནས་རྒྱབ་སྐྱོར་བྱས་པ་རེད།

བོད་ལྗོངས་ཀྱིས་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་རིམ་པ་དང་པོའི་བརྡ་ལན་འགོ་བཙུགས་ཚུན་རང་ལྗོངས་ཀྱི་ཆོས་ལུགས་ལས་རིགས་ཀྱིས་དེ་འཕྲལ་མྱུར་དུ་བྱ་སྤྱོད་སྤེལ་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ་དེ་མུར་དགོན་སྡེའི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཁག་གནས་སྐབས་སྒོ་བརྒྱབ་པ་དང་འདུ་འཛོམས་ཆེ་བའི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་གནས་སྐབས་སྤེལ་མཚམས་བཞག་ཡོད། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱིས《རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་གྲོས་འདོན་ཡི་གེ》ཡོངས་བསྒྲགས་བྱས་པ་རེད། དེ་དང་ཆབས་ཅིག་དགོན་སྡེ་ཆེ་གྲས་ཁག་གིས་དེ་མུར་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཚོགས་ཆུང་བཙུགས་ནས་སྙན་ཞུ་དང་ལས་རེས་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ། རྒྱ་ཆེའི་གྲྭ་བཙུན་ཚོར་འབྲེལ་ཡོད་ཀྱི་ཤེས་བྱ་གསོ་སྦྱོང་དང་དྲིལ་བསྒྲགས་དཔྱད་གཞིའི་ཡིག་ཆ་སྒྲིག་བཟོ་དང་གཤམ་སྤྲོད་བྱས་པ་དང་། འཕྲེད་འགེལ་ཡི་གེ་སྦྱར་བ་མ་ཟད། ལག་ཐོགས་ཁ་པར་གྱི་སྐད་འཕྲིན་སོགས་བརྒྱུད་བོད་རྒྱ་ཤན་སྦྱར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་བརྙན་ཐུང་དང་། པར་རིས་སོགས་བརྒྱུད་བསྐུར་བྱས་པ་དང་། དམིགས་ས་ཡོད་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་དང་གསལ་འགྲེལ་ལས་དོན་ཡག་པོ་སྤེལ་ཡོད།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) ཟླ་1ཚེས་27ཉིན་ནས་བཟུང་། གཙུག་ལག་ཁང་གནས་སྐབས་སྒོ་བརྒྱབ་ཚུན། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པས་ད་དུང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་ཡག་པོ་བྱས་པ་དང་ཆབས་ཅིག དགོན་སྡེའི་དགེ་འདུན་པའི་བསམ་བློ་སློབ་གསོའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་གི་ལས་རེས་བཀོད་སྒྲིག་ཡག་པོ་བྱས་ནས་དགོན་སྡེ་ཞི་མཐུན་དུས་བདེ་འགན་ལེན་བྱས་ཡོད། གྲྭ་དམངས་ཀྱིས་དོ་དམ་ལ་བརྩི་སྲུང་ཞུས་ཏེ་ཚང་མས་མི་སྒེར་གྱི་འགོག་སྲུང་ལས་དོན་ཡག་པོ་བསྒྲུབ་ཡོད། རང་སྐྱོང་ལྗོངས་ཀྱིས་ད་དུང་ལྗོངས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་ཚོགས་པ་སྒྲིག་འཛུགས་བྱས་ནས་གཙུག་ལག་ཁང་དུ་བདེ་ཐང་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་དཔྱད་ཡིག་སྤྲད་པ་དང་འབྲེལ་ཡོད་མི་སྣར་ཡང་དག་པའི་དུག་སེལ་བྱེད་སྟངས་བསླབས་ཡོད་ཅེས་གཙུག་ལག་ཁང་དགོན་སྡེ་དོ་དམ་ཨུ་ལྷན་ཏང་ཨུད་ཀྱི་ཧྲུའུ་ཅི་སྐལ་བཟང་གིས་བརྗོད།

ནེའུ་ཆུང་རིའི་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་དོན་པས“ཏོག་གསར་གློ་ཚད་རིམས་ནད་ཀྱི་སྔོན་འགོག་ཚོད་འཛིན་དང་ཤེས་བྱ་དྲིལ་བསྒྲགས་ཁྱབ་གདལ་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་ནི་ང་ཚོའི་ད་ལྟའི་ལས་དོན་གལ་ཆེ་ཤོས་དེ་རེད། རྒྱ་ཆེའི་གྲྭ་བཙུན་ཚོས་ཏང་ཨུད་དང་སྲིད་གཞུང་དང་། དེ་བཞིན་དོ་དམ་ཨུ་ལྷན་གྱི་བཀོད་སྒྲིག་བླང་བྱར་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་ཞུ་གི་འདུག”ཅེས་བརྗོད།

(པ་ཕན་གྱིས་བསྒྱུར། བསྟན་བློ་དང་པ་ཕན་གྱིས་ཞུས)