《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月15日

རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཀྲུང་དབྱང་གི་འབྲེལ་ཡོད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཟླ་2ཚེས་12ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་གི་འབྲེལ་ཡོད་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་འབྲེལ། དུས་རབས་གསར་པའི་ལྗོངས་ཡོངས་ཀྱི་སྤྱི་བདེའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་བྱས་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་པ། ཏང་གིས་གསང་དོན་གསང་ཨང་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། གསང་དོན་གསང་ཨང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གསང་དོན་གསང་ཨང་དེང་རབས་ཅན་དུ་འགྱུར་བའི་བཅོས་སྐྱོང་གི་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ། དྲིལ་བསྒྲགས་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གསང་དོན་གསང་ཨང་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་ནན་བཤད་བྱས་པ་རེད།

ཚོགས་འདུའི་ཐོག་ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱི་སྤྱི་བདེའི་ལས་དོན་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་སྦྲགས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ཁོང་ཚོའི་ནང་མིར་འཚམས་འདྲི་གནང་བ་རེད། ཚོགས་འདུའི་ཐོག་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་ཏང་གིས་སྤྱི་བདེའི་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་བདེའི་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་ནན་པོ་བསྟར་ནས། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པ། ཏང་གི་བཀའ་རྒྱར་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ། ཏང་གི་བཀོད་འདོམས་ལ་ཉན་པ་བཅས་བྱས་ནས“གྲི་མགོ་བཟུང་དབང”ཏང་དང་མི་དམངས་ཀྱི་ལག་ཏུ་སྟངས་འཛིན་ནན་པོ་ཐུབ་པའི་འགན་ལེན་བྱེད་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་རྒྱུ་ལྟེ་བའི་ལས་འགན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་དུ་གཏོང་བ་དང་། མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་བྱེད་པ། སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། མ་བྱུང་སྔོན་འགོག་རྩ་དོན་དུ་བཟུང་ནས་ལས་དོན་སྒྲུབ་པ་དང་། གནས་ཚུལ་ཆེན་པོ་ཐོན་རྒྱུ་སྔོན་འགོག་བྱེད་རྒྱུ་རྨང་གཞིར་བྱས་ནས་གྲ་སྒྲིག་བྱེད་པ་

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) རང་འགན་ཐེག་པ་ཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ། ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་བྱས་པའི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་ལག་ལེན་ནན་པོ་བསྟར་བ་བཅས་བྱས་ནས། སྤྱི་ཚོགས་བརྟན་ལྷིང་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་ནན་ཏན་བསྟར་བ་དང་། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་པ་དང་སྟབས་བདེ་དང་ཕན་པ་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་བྱེད་པ། དུས་བདེ་སྲུང་སྐྱོང་དང་དམངས་འཚོ་འགན་ལེན་ཟུང་འབྲེལ་བྱེད་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས། “སྤྱི་ཡོངས་གཉིས”བློ་ལ་བརྟན་པོ་བཅངས་ནས། ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་བརྟན་ལྷིང་སྲུང་སྐྱོང་ལ་དམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རིམས་ནད་འགོག་རྒོལ་དང་། ཉེན་ཁ་འགོག་ཟོན། བདེ་འཇགས་སྲུང་སྐྱོང་། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་པ་བཅས་བྱས་ནས་རིམས་ནད་ཀྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། གཞུང་དྲང་ཡ་རབས་ངང་ཁྲིམས་འཛིན་རྒྱུ་ཚད་ལྡན་དུ་གཏོང་བ་དང་། ཁྲིམས་བཞིན་དང་ཡ་རབས་ངང་ཁྲིམས་འཛིན་པ། དམངས་ཕན་ཐད་འབད་བརྩོན་ནུས་ལྡན་བྱེད་པ། མི་སེམས་གཅིག་སྒྲིལ་ཐད་ཤུགས་རྒྱག་པ་བཅས་བྱས་ནས། སྤྱི་བདེའི་མི་དམངས་ཉེན་རྟོག་པའི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་མང་ཚོགས་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་པ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་2020ལོའི་ལས་ཀའི་གཙོ་གནད》ལ་རྩ་དོན་ཐོག་གྲོས་འཆམ་བྱུང་ཞིང་། ཚོགས་འདུའི་ཐོག་འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”མཇུག་བསྡུའི་ལོ་ཡིན་པས། རིམ་པ་ཁག་དང་། སྡེ་ཚན་ཁག རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་དང་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”མུ་མཐུད་དར་སྤེལ་གཏོང་བ། གདོང་ལྤགས་པ་བཞུད་པར་མི་སྐྲག་པ་དང་ལུས་ཤ་ཤོར་བར་མི་སྐྲག་པའི་ངར་ཤུགས་དང“བྱས་འབྲས་ཐོབ་པར་ངས་མི་རྩོད། བྱས་རྗེས་འཇོག་པར་ང་ཡིས་འབད་པའི”བསམ་བློའི་འཁྱེར་སོར་བརྟེན་པ། གདེང་ཚོད་བརྟན་གཏོང་དང་། སེམས་ནུས་གཅིག་སྒྲིལ། དངོས་འཛིན་དངོས་སྒྲུབ་བཅས་བྱེད་པ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པ། སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང། སྣོད་བཅུད་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུ་བའི་འགན་ལེན་བཅས་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་དུས་རབས་གསར་པའི་རྒྱུགས་ལན་ཞིག་འབུལ་དགོས་པའི་ནན་བཤད་བྱས་པ་རེད།

(པ་ཚེ་དང་དཀོན་སྒྲོལ་གྱིས་སྒྱུར་ཞུས་བྱས)