《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月15日

དུས་ཚོད་དམ་འཛིན་གྱིས་ནད་དུག་རྩད་གཅོད་མཁན།

“ཏིར་ཏིར་་་་་་་་”ཟླ་2ཚེས་6ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3ཙམ་ལ་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་གཞུང་ལས་ཁང་གི་ཚོགས་ཁང་ཞིག་ནས་ཁ་པར་གྱི་སྒྲ་སླར་ཡང་གྲགས།

རང་སྐྱོང་ལྗོངས་ཀྱི“རིམ་གསུམ”སྐོར་སྐྱོད་བརྟག་དཔྱད་རུ་ཆེན་གྱི་རུ་དཔོན་གཞོན་པ་ཡུང་ཁྲུན་གྱིས“ཁྱེད་རང་སྨན་ཁང་གང་ནས་ཡིན་ནམ། ནད་པ་ག་པར་ཡོད། ངས་ཤེས་སོང་། སྐོར་སྐྱོད་བརྟག་དཔྱད་མི་སྣ་ལམ་སེང་བཀོད་སྒྲིག་བྱས་ཆོག

རུ་ཆེན་དང་པོའི་ཚོགས་ཆུང་ལྔ་པ་ད་ལྟ་ལྗོངས་མི་དམངས་སྨན་ཁང་གི་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་རྒྱུག”ཅེས་ཡུང་ཁྲུན་གྱིས་བཀའ་སྒུག་བཞིན་པའི་ཚོགས་ཆུང་ལ་བཀའ་བཏང་བ་རེད།

ལས་འགན་འབྱོར་བའི་ཚོགས་ཆུང་ལྔ་པའི་ཁོངས་མི་ལི་ཆན་དང་། འཇིགས་མེད། ཡོན་ཅིང་བཅས་གོམ་སྟབས་མྱུར་པོས་ཐོག་ཁ་ནས་བབས་ཏེ་མ་དཔེ་བསྡུ་ལེན་སྒྲིག་ཆས་ཁུལ་ནས་བརྟག་དཔྱད་རེའུ་མིག་དང་། འགོག་སྲུང་མཁོ་ཆས། སྐོར་སྐྱོད་བརྟག་དཔྱད་སྒམ། བཤེར་སྒམ་བཅས་རྩིས་བཤེར་བྱས་ཏེ་སྒྲིག་ཆས་འཁུར་ནས་རིམས་ནད་འཕྲལ་སྡོམ་རླངས་འཁོར་ལ་བསྡད་དེ་ལྗོངས་མི་དམངས་སྨན་ཁང་ཕྱོགས་སུ་བསྐྱོད།

ལི་ཆན་དང་། འཇིགས་མེད། ཡོན་ཅིང་བཅས་ནི་སྐོར་སྐྱོད་བརྟག་དཔྱད་རུ་ཆེན་གྱི་རུ་མི་ཡིན་པ་མ་ཟད། རིམས་ནད་ཐག་གཅོད་ཀྱི་འཐབ་ས་དང་པོར་གདོང་མཆོང་བྱེད་མཁན་མི་36ཁྲོད་ཀྱི་ཚོགས་ཆུང་གཅིག་རེད།

ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཅིག་གྱུར་བཀོད་སྒྲིག་བྱས་ཏེ་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། ཁྲེང་ཀོན་ཆུས་བཅས་རིམ་གསུམ་ནད་ཡམས་སྔོན་འགོག་ཚོད་འཛིན་སྡེ་ཚན་ལས་གྲུབ་པའི་རིམས་ནད་མཉམ་འགོག་རིག་པའི་བརྟག་དཔྱད་རུ་ཆེན་བཙུགས་པ་རེད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) རང་སྐྱོང་ལྗོངས་ཀྱི“རིམ་གསུམ”སྐོར་སྐྱོད་བརྟག་དཔྱད་རུ་ཆེན་གྱི་རུ་དཔོན་པད་མ་ཚེ་དབང་གིས“སྐོར་སྐྱོད་བརྟག་དཔྱད་རུ་ཆེན་གྱི་ལས་ཀ་གཙོ་བོ་ནི་ཉིན་མཚན་དབྱེར་མེད་དུ་ལྷ་སའི་ཚ་རྒྱས་སྒོ་བསྟེན་སྨན་ཁང་དང་། གནས་གཏན་འཁེལ་གྱི་སྨན་ཁང་། སྡེ་ཚན་ཁག སྡེ་ཁུལ་བཅས་ཀྱི་ཁ་པར་ཉན་ནས་འཕྲལ་མར་སྐོར་སྐྱོད་བརྟག་དཔྱད་རུ་མི་ལོགས་འཇོག་ཁུལ་དུ་བཏང་ནས་ནད་དཔེ་བརྟག་དཔྱད་དང་སྨན་བཅོས་གྲུབ་ཆར་མ་དཔེ་བསྡུ་ལེན་གྱི་མཛུབ་ཁྲིད་བྱེད་དགོས་པ་མ་ཟད། མ་དཔེ་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སྐྱེ་དངོས་བདེ་འཇགས་རིམ་གསུམ་ཚོད་ལྟ་ཁང་དུ་སྐྱེལ་བའི་འགན་འཁུར་གྱི་ཡོད”ཅེས་གསར་འགོད་པར་བརྗོད།

དེ་ནི་རང་སྐྱོང་ལྗོངས་སྐོར་སྐྱོད་བརྟག་དཔྱད་རུ་ཆེན་ལ་ཉིན་དེར་འབྱོར་བའི་ལས་འགན་ཐེངས་ལྔ་པ་དེ་ཡིན་པ་དང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་འབྱོར་རྗེས་སྐོར་སྐྱོད་བརྟག་དཔྱད་རུ་མི་གསུམ་པོས་ལམ་སེང་ཁ་རས་N95དང་། ལས་ཞྭ། མིག་ཤེལ། སྤྱོད་གཅིག་མའི་འགོག་སྲུང་གྱོན་གོས་སྲབ་པོ། ལྷམ་ཤུབས། འགྱིག་གི་ལག་ཤུབས་བཅས་གྱོན་པ་རེད།

ཕན་ཚུན་ཞིབ་བཤེར་བྱེད་རེས་ཡག་པོ་བྱས་ཏེ་སྣང་དག་མེད་པ་ཤེས་རྗེས་མི་གཉིས་ལོགས་སུ་འཇོག་སའི་ནད་ཁང་དུ་ཕྱིན་ནས་ནད་ཡམས་རིགས་པའི་བརྟག་དཔྱད་བྱེད་པ་དང་། མི་གཞན་གཅིག་དེས་དུག་སེལ་མཁོ་ཆས་རྒྱབ་ཏུ་ཁུར་ཏེ་ཕྱི་རོལ་དུ་སྒུག་ཡོད། ལོགས་སུ་འཇོག་སའི་ནད་ཁང་ནང་ཚ་བ་རྒྱས་པའི་ནད་པ་ཞིག་ཡོད་པ་དེས་ནད་ཁང་དུ་མི་འཛུལ་བ་མཐོང་དུས་དངངས་སྐྲག་བྱས། འོན་ཀྱང་ལི་ཆན་དང་ཡོན་ཅིང་གིས་ནད་པར་གོ་སྐོན་སློབ་གསོ་བརྒྱབ་པ་དང་། དེར་ཡོང་བའི་རྒྱུ་མཚན་གསལ་བཤད་བྱས་ཏེ་གཞོགས་འདེགས་བྱེད་པའི་རེ་བ་བཏོན།

གནས་ཚུལ་ཅུང་ཞི་ལྷོད་དུ་ཕྱིན་རྗེས་ཁོང་གཉིས་ཀྱིས་མུ་མཐུད་དེ་ནད་པའི་གཞི་རྩའི་གནས་ཚུལ་དང་། ཚ་རྒྱས་དང་སྨན་བཅོས་བརྒྱུད་རིམ། ནད་རྟགས་གཙོ་བོ། དེ་དང་འབྲེལ་འདྲིས་དམ་ཟབ་བྱེད་མཁན་གྱི་ཆ་འཕྲིན་སོགས་ལ་བརྟག་དཔྱད་བྱས་ཤིང་། དུས་ཚོད་རིམ་གྱིས་འདས་པ་དང་བསྟུན་ནས་འགོག་སྲུང་གྱོན་གོས་གྱོན་པའི་ཁོང་གཉིས་དབུགས་རྔུབ་གཏོང་བྱེད་མི་བདེ་བར་གྱུར་པ་གསར་འགོད་པས་ཚོར་བྱུང་།

ཕྱི་དྲོའི་ཆུ་ཚོད་6པ་ཙམ་ལ་ལས་གོས་དཀར་པོ་གྱོན་པའི་མི་གཉིས་ལོགས་སུ་འཇོག་སའི་ནད་ཁང་ནས་ག་ལེར་ཕྱིར་ཐོན་ཡོང་།

སྐབས་དེ་དུས་ཁོང་གཉིས་ནད་ཁང་དུ་ཕྱིན་ནས་ཆུ་ཚོད་གསུམ་ལྷག་ཙམ་ཕྱིན་ཟིན་པ་དང་། དུས་ཡུན་དེའི་རིང་ལས་འགན་འབྱོར་བའི་སྐབས་ཀྱི་མི་1དང་དེའི་རྗེས་སུ་ཡོང་བའི་མི་4ལ་ནད་ཡམས་རིག་པའི་བརྟག་དཔྱད་བྱས་ཏེ་བསྡུ་ལེན་བྱས་པའི་ནད་དུག་གི་མ་དཔེ་འགོག་སྲུང་ནན་པོ་བྱས་པའི་སྣོད་ཅིག་ཏུ་བླུགས་ནས་ཕྱིར་ཁྱེར་ཡོང་།

ཅུང་དམར་པོར་གྱུར་པའི་ངོ་གདོང་ལས་རྔུལ་ཆུ་དང་འདྲེས་པའི་ངལ་དུབ་ཀྱི་ཉམས་ཤིག་མངོན་ཡོང་།

“ནད་དཔེ་གཅིག་ལ་བརྟག་དཔྱད་མ་ཚར་གོང་བསྟུད་མར་ནད་པ་བཞི་བསྐྱལ་ཡོང་བས་མུ་མཐུད་བརྟག་དཔྱད་བྱས་པ་ཡིན། དེ་འདྲ་བྱས་ཚེ་འགོག་སྲུང་གྱོན་གོས་དང་རྒྱུ་ཆ་གཞན་ལ་གྲོན་ཆུང་བྱེད་ཐུབ”ཅེས་ལི་ཆན་གྱིས་གསར་འགོད་པར་བརྗོད།

“ཏོག་གསར་གློ་ཚད་ཀྱི་རྐྱེན་པས་ཉིན་མོ་དང་བསྡུར་ན་དགོང་མོའི་ལས་འགན་དེ་བས་མང་པོ་ཡོད། ད་ཆ་དགུན་དུས་ཡིན་པས་དགོང་མོ་ཧ་ཅང་གྲང་མོ་འདུག མཚམས་རེར་ཆུ་ཚོད་འགའ་ལས་ཀ་བྱས་རྗེས་ལོགས་སུ་འཇོག་སའི་ནད་ཁང་ནས་ཐོན་དུས་དུག་སེལ་ཡོ་བྱད་ཀྱང་འཁྱགས་པ་ཐེབས་འདུག”ཅེས་འཇིགས་མེད་ཀྱིས་བརྗོད།

ཏོག་གསར་གློ་ཚད་ཕོག་པའི་ནད་དཔེ་ཐོག་མ་གཏན་འཁེལ་བྱས་པ་ནས་བཟུང་། རང་ལྗོངས་ཀྱི་ས་ཁུལ་དང་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་བླང་བྱར་གཞིགས་ཏེ་འགག་སྒོ་ཁག་མདུན་དུ་སྤོས་ཏེ་རིམས་ནད་འགོག་བཅོས་ཀྱི་འཐབ་ས་དང་པོའི་འགོག་སྲུང་འཛིང་རགས་མཐའ་གཅིག་ཏུ་བསྲུངས་ཡོད།

སྐོར་སྐྱོད་བརྟག་དཔྱད་རུ་མིའི་ངོས་ནས་བརྗོད་ན། འགོག་སྒོ་མདུན་དུ་སྤོས་པ་དེས་ཉིན་རེའི་ལས་འབོར་ལྡབ་ཀྱིས་མང་དུ་ཕྱིན་པ་མཚོན་ཡོད། ཚ་བ་རྒྱས་པ་དང་རིམས་ནད་ཁུལ་དུ་འགྲོ་མྱོང་ཡོད་པའི་མི་སྣ་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་འབྱོར་རྗེས་འབྲེལ་ཡོད་ཀྱི་སྨན་དོན་མི་སྣས་ཐོག་མར་སྐོར་སྐྱོད་བརྟག་དཔྱད་མི་སྣ་སྐད་བཏང་ནས་ནད་ཡམས་རིག་པའི་བརྟག་དཔྱད་བྱེད་དགོས་ཀྱི་ཡོད།

པད་མ་ཚེ་དབང་གིས“རང་སྐྱོང་ལྗོངས་སྐོར་སྐྱོད་བརྟག་དཔྱད་རུ་ཆེན་ལ་ཚོགས་ཆུང་ཆེ་བ་གཉིས་ཡོད་པ་དང་། ཚོགས་ཆུང་ཆེ་བ་རེར་ཚོགས་ཆུང་6རེ་ཡོད་ལ། ཚོགས་ཆུང་རེར་མི་གསུམ་རེ་ཡོད་པ་དེ་དག་གིས་རེས་མོས་ངང་ལས་འགན་སྒྲུབ་ཀྱི་ཡོད། ཉིན་མཚན་དབྱེར་མེད་དུ་བཀའ་སྒུག་གི་ཡོད་པས་དཀའ་ཚེགས་ཆེ་ལ་ཉེན་ཁ་ཡང་ཆེན་པོ་འདུག ཉིན་ལྟར་ཚ་རྒྱས་སྒོ་བསྟེན་སྨན་ཁང་དང་། གནས་གཏན་འཁེལ་གྱི་སྨན་ཁང་། འབྲེལ་འདྲིས་དམ་ཟབ་ཡོད་མཁན་ལོགས་སུ་འཇོག་ས་བཅས་སུ་ཕར་འགྲོ་ཚུར་འོང་བྱས་ནས་ནད་པ་དང་གདོང་ཐུག་བརྒྱབ་སྟེ་དོགས་ཡོད་ནད་དཔེའམ་གཏན་འཁེལ་བའི་ནད་དཔེ་རེ་རེར་ནད་ཡམས་རིག་པའི་བརྟག་དཔྱད་ལས་དོན་སྤེལ་བའི་འགན་འཁུར་དགོས”ཞེས་བརྗོད།

(དབང་སྒྲོལ་སྐྱིད་ཀྱིས་བསྒྱུར། དོན་གྲུབ་ཀྱིས་ཞུས)