《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月15日

ཚེ་རིང་དབྱངས་སྐྱིད།

སྨྱུག་རྩེ་ལས་ཐོན་པའི་གསར་རྩོམ་གྱི་གཟི་བརྗིད།

བབ་ཆགས་ཞི་དུལ་གྱི་རྩོམ་པ་པོ་དང་མཇལ་བ།

ཚེ་རིང་དབྱངས་སྐྱིད་ཀྱིས་རྩོམ་རིག་འཆད་ཁྲིད་ཐོག་ཏུ་གཏམ་བཤད་གནང་བཞིན་པ།

རྩོམ་པ་པོ་ཚེ་རིང་དབྱངས་སྐྱིད་ལགས།

ཚེ་རིང་དབྱངས་སྐྱིད་ཀྱིས་རྩོམ་ཞུས་གནང་བཞིན་པ།

གཅིག

ཉི་འོད་རབ་ཏུ་འཚེར་བའི་གནའ་གྲོང་ལྷ་སའི་ཞོགས་པར་བཀྲ་ཤིས་གཡང་ཆགས་ཀྱི་ཉམས་སྣང་ཅི་དགར་མངོན། ཁ་སྔོན་དུས་ཆད་བྱས་པ་བཞིན་བདག་དང་དབྱངས་ཅན་གཉིས་ནས་བོད་ཀྱི་བུད་མེད་རྩོམ་པ་པོ་གྲགས་ཅན་ཚེ་རིང་དབྱངས་སྐྱིད་ལགས་ལ་བཅར་འདྲི་ཞུ་བར་བཅར་བ་ཡིན། དེ་ཉིན་ནི་ཏག་ཏག་བོད་ཀྱི་སྲོལ་རྒྱུན་གྱི་དཔལ་ལྷའི་དུས་ཆེན་དང་འཁེལ་ལ། ཁོང་གིས་ང་ཚོས་ཕུལ་བའི་མེ་ཏོག་ཕྱག་ཏུ་བཞེས་ནས་འཛུམ་དམུལ་བཞིན་དུ་ང་མེ་ཏོག་ལ་ཧ་ཅང་དགའ་པོ་ཡོད་ཅེས་གསུངས་བྱུང་། རྣམ་ཀུན་གྱི་གོམས་སྲོལ་བཞིན་དེ་ཉིན་ཁོང་གི་གྲོགས་མོ་ཚང་མ་མཉམ་དུ་འཛོམས་ཀྱང་། ཁོང་ཁྱིམ་དུ་བརྒྱད་ཅུ་གོས་དཀར་བཞེས་ཟིན་པའི་རྒན་རྒོན་གཉིས་ལ་ཞབས་ཕྱི་ཞུ་དགོས་སྟབས་གྲོགས་མོ་མཉམ་འཛོམས་ཀྱི་དགའ་སྟོན་ལ་ཆས་པའི་གོ་སྐབས་དབེན། ཁོང་གི་ཞི་ཞིང་འཇམ་པའི་འཛུམ་མདངས་ཁྲོད་ནས་བོད་རིགས་ཀྱི་བུད་མེད་ལ་ཆེད་དུ་ལྡན་པའི་འཚེར་སྣང་དང་བག་ཕེབས་ཀྱི་གཤིས་བཟང་མངོན་ཞིང་། བབ་ཆགས་ཀྱི་བཀའ་མོལ་ལས་བྱམས་དང་སྙིང་རྗེས་བཞེངས་པའི་མི་ཚེའི་དོན་སྙིང་གི་དཀྱིལ་འཁོར་གསལ་བར་སྟོན་ཞིང་མཆིས། བྱམས་དང་སྙིང་རྗེ་འདི་ལྟ་བུ་ཞིག་རྒྱུད་ལ་ལྡན་པས་ད་གཟོད་ཁོང་གི་སྨྱུག་རྩེ་ལས་བཞུར་བའི་རྩོམ་ཡིག་གིས་མི་སྣ་ཕལ་པའི་ཉམ་ཆུང་གི་མི་གཤིས་དངོས་མཚོན་པ་དེ་གསར་འགོད་པས་བཅར་འདྲི་ཞུ་རིན་ཆེ་བ་ཞིག་ལགས་སོ།

མི་སྣ་ཕལ་པའི་དོན་དངོས་འཚོ་བའི་ཁྲོད་ཀྱི་ན་ཟུག་དང་། སྐྱིད་སྡུག དགའ་སྐྱོ་ཆགས་སྡང་བཅས་ནི་ཟེར་མདངས་ལྷག་ཏུ་འཕྲོ་བའི་ཉི་འོད་དང་འདྲ་བར་མནོ་བསམ་གྱི་མཁའ་དབྱིངས་སུ་ཕྱོགས་པའི་ཁོང་གི་མིག་ཟུང་ལ་ཚོར་འདུ་ཡི་ཟུག་རྔུ་དྲག་ཏུ་སློང་གི་ཡོད་པ་རེད། ཁོང་གི་རྩོམ་ཡིག་ཐོག་མ《བྲག་སྟེང་གི་རྩྭ་ཆུང》ནས། 《སོ་ནམ་ཤོར་བའི་ལྗང་བུ》 《རི་རྩེའི་སྤྲིན་དཀར》 དེ་བཞིན《མེ་ཏོག་དང་རྨི་ལམ》ལ་སོགས་པའི་བརྩམས་སྒྲུང་གིས་ཐོག་མཐའ་བར་གསུམ་དུ་བསམ་གཞིག་གི་ཞགས་པ་མི་སྣ་ཕལ་པའི་ལུས་ཐོག་ཏུ་བསྲིངས་ནས། གང་དེ་དང་དེའི་ལས་དབང་ཇི་མ་ཇི་བཞིན་མཚོན་ཡོད།

གཉིས།

ཕ་མའི་ངག་སྒྲོས་སྒྲུང་གཏམ་གྱིས་སྐྱེད་སྲིང་བྱུང་བའི་རྩོམ་པ་པོ།

ཚེ་རིང་དབྱངས་སྐྱིད་ནི་གཞིས་རྩེ་གྲོང་ཁྱེར་གྱི་སྟག་གྲུ་ཁའི་བཟོ་པ་དཀྱུས་མ་ཞིག་གི་ཁྱིམ་དུ་ལྟེ་ཕྲག་འཕོས་ཤིང་། ཁོང་གི་ཕ་མ་གཉིས་གྲུ་པ་ཡིན་སྟབས། ཞོགས་པར་སྐར་ཚོམ་གྲོགས་སུ་བྱས་ནས་ལས་ཀར་ཐོན་དགོས་པ་དང་། དགོང་དྲོར་མུན་པ་མགོ་བོར་གྱོན་ནས་ཁྱིམ་དུ་ལོག་དགོས་པས། བུ་ཕྲུག་བཞིར་ལྟ་རྟོག་བྱེད་པའི་གོ་སྐབས་དེ་ཙམ་མེད། དེར་བརྟེན། ཚེ་རིང་དབྱངས་སྐྱིད་ཆུང་བྱིས་པའི་དུས་ནས་གྲོང་གསེབ་ཀྱི་རྨོ་བོའི་ཁྱིམ་དུ་ཉར་བ་རེད། ཁོང་གི་རྨོ་བོ་ནི་ལས་ལ་བརྩོན་ཞིང་སེམས་པ་བཟང་བའི་གྲོང་གསེབ་ཀྱི་བུད་མེད་ཅིག་ཡིན། ཤེས་བྱ་རིག་གནས་གང་ཡང་མེད་པའི་རྨོ་བོ་ལགས་ནི་དམངས་ཁྲོད་ཀྱི་སྒྲུང་གཏམ་འཆད་ལ་ཤིན་ཏུ་མཁས་པས། རྨོ་བོ་ལགས་ཀྱི་ངག་ནས་ཐོས་པའི་དམངས་ཁྲོད་ཀྱི་སྒྲུང་གཏམ་དེ་དག་གིས་ནར་མ་སོན་པའི་ཚེ་རིང་དབྱངས་སྐྱིད་ཀྱི་བསམ་གཞིག་གི་སྒོ་མོ་ཕྱེ་བ་མ་ཟད། ཁོང་གི་མ་འོངས་པའི་རྩོམ་རིག་གི་ཞིང་ས་གཤིན་པོར་ས་བོན་བཏབ་པ་རེད།

གྲོང་གསེབ་ཀྱི་བྱིས་པ་མང་པོ་དང་འདྲ་བར། ཚེ་རིང་དབྱངས་སྐྱིད་ལོ་ན་བཅུ་བཞིར་སླེབས་སྐབས་གཞི་ནས་སློབ་གྲྭར་འགྲོ་བའི་གོ་སྐབས་བྱུང་། ཡིན་ནའང་། སྦྱང་བྱའི་སློབ་ཚན་དག་གིས་ཚེ་རིང་དབྱངས་སྐྱིད་ཀྱིས་ཤེས་ཡོན་ལ་བཅངས་པའི་སྐོམ་པ་ཆུ་འདོད་ལྟར་གྱི་འདུན་པ་སྐོང་ཐབས་བྲལ། དཔེ་ཀློག་ལ་དགའ་བའི་ཁོང་གིས་དེ་བས་མང་བའི་དཔེ་ཆ་ལྟ་ཀློག་ཐུབ་པའི་འདུན་པ་འཆང་བཞིན་ཡོད་མོད། འོན་ཀྱང་། དུས་རབས་གོང་མའི་ལོ་རབས་བདུན་ཅུའི་ནང་ལྟ་ཀློག་ཐུབ་པའི་དཔེ་དེབ་ཀྱི་ཁ་གྲངས་ནི་ཚད་དང་ལྡན་པ་ཞིག་རེད། སྐབས་དེ་དུས་ཁོང་གི་ཕ་མ་གཉིས་ནི་ལམ་བཟོ་བ་ཡིན་ཞིང་། ཐེངས་ཤིག ཁོང་ལ་པཱ་ལགས་བཞུགས་སའི་ལམ་བཟོའི་ཚོགས་ཁང་ནང་ནས《བློ་མཐུན་སྐར་མ》དང《ལྕགས་ལྟར་གྱི་མི་ཝང་ཅིན་ཞི》ཞེས་པའི་དེབ་གཉིས་རག་ཅིང་། 《ལྕགས་ལྟར་གྱི་མི་ཝང་ཅིན་ཞི》ཡི་ནང་དོན་བསྡུས་ཤིང་བར་གཅུག་རི་མོ་ཡོད་སྟབས། ཁོང་དང་གཅུང་པོས་ཧབ་ཐོབ་བརྒྱབ་ནས་ལྟ་རེས་བྱས་ཤིང་། སྐབས་དེ་དུས་ཆ་འཕྲིན་མང་ཆེ་བ་ནི་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཤེས་རྟོགས་བྱེད་དགོས་ཀྱི་ཡོད། མིང་ལ“ཉིན་རེའི་ཚགས་པར”ཞེས་བརྗོད་ཀྱང་། དོན་དུ་སྐབས་དེ་དུས“ཟླ་རེའི་ཚགས་པར”ཡིན་ཏེ། འགྲིམ་འགྲུལ་ཤིན་ཏུ་སྟབས་མི་བདེ་བས་རྟག་ཏུ་ཉིན་མང་པོའི་རྗེས་ལ་མ་གཏོགས་ཚགས་པར་ལག་ཏུ་རག་གི་མེད། དཔེ་དེབ་ཤིན་ཏུ་དཀོན་པའི་ལོ་རབས་ནང་། དཔེ་ཀློག་ལ་དགའ་བའི་ཁོང་གི་ངོས་ནས་བརྗོད་ན། ཁང་པའི་ཕྱོགས་བཞིར་སྦྱར་བའི་ཚགས་པར་རྙིང་པ་ནི་ལྟ་ཀློག་གི་རེ་འདོད་སྐོང་ཡུལ་འབའ་ཞིག་ཡིན་ཞིང་། ལས་ཀ་མེད་པའི་སྐབས། ཚགས་པར་སྟེང་གི་ནག་ཆུང་ཡི་གེའི་ཀྱོ་བས་རྟག་ཏུ་ཁོང་གི་ཡིད་ཀྱི་ཉ་མོ་བཟུང་གི་ཡོད། མི་ལོ་ཉི་ཤུའི་རྗེས་ལ། ཁོང་གིས་དཔེ་ཀློག་གི་འདུན་པ་དྲག་པོ་རང་གི་བུ་ཕྲུག་གི་ལུས་ཐོག་ཏུ་མངོན་འགྱུར་ཡོང་བ་བྱས་ཤིང་། བུ་གཅིག་དང་བུ་མོ་གཅིག་བསྐྱངས་ནས་དཔེ་ཀློག་གིས་ཁོང་གཉིས་ཀྱི་འཚར་ལོངས་ཀྱི་ལམ་བུའི་ཁ་ཕྱོགས་གསལ་བར་བྱས་ཡོད་དེ། ད་ལྟ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཤེས་རམས་ཞིབ་འཇུག་སློབ་མ་སློབ་གཉེར་བྱེད་བཞིན་པའི་བུ་མོས་བོད་རྒྱ་སྐད་རིགས་གཉིས་ཀྱི་ལམ་ནས་རྩོམ་ཡིག་འབྲི་ཐུབ་ཀྱི་ཡོད། ཕན་ཚུན་འབྲེལ་འདྲིས་ཀྱི་ཐབས་ལམ་ཉིན་བཞིན་སྟབས་བདེར་འགྱུར་བཞིན་པའི་དེང་གི་དུས་སུ་ཡང་། ཁོང་དང་བུ་ཕྲུག་གིས་ཟླ་བ་རེ་རེར་ཕན་ཚུན་འཕྲིན་ཡིག་བསྐུར་རེས་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ། ལྷད་མེད་སེམས་ཀྱིས་བྲིས་པའི་འཕྲིན་ཡིག་རེ་རེས་ཕ་མ་བུ་ཕྲུག་དབར་གྱི་དྭངས་གཙང་གི་བརྩེ་དུང་མཚོན་པར་བྱེད་ཅིང་། ཨ་མ་ཞིག་གི་ངོས་ནས། ཁོང་གིས་ཕྲུ་གུ་ཚོའི་མ་འོངས་ཀྱི་མདུན་ལམ་སྔར་བས་ཡངས་ཤིང་རྒྱ་ཆེ་བའི་འདུན་པ་འཆང་བཞིན་འདུག

དཔེ་དེབ་ཀྱི་ཞིང་ཁམས་ནས་བློ་བསྐྱེད་བྱུང་བའི་རྩོམ་པ་པོ།

གསུམ།

སློབ་འབྲིང་ཐོན་རྗེས། ཚེ་རིང་དབྱངས་སྐྱིད་ཐད་ཀར་བོད་ལྗོངས་དགེ་འོས་སློབ་གྲྭའི(བོད་ལྗོངས་སློབ་གྲྭ་ཆེ་མོ)བོད་སྐད་ཡིག་རྩོམ་རིག་ཆེད་ལས་སུ་ཚུད་པ་རེད། སློབ་ཆེན་གྱི་སློབ་གསེང་དུས་ཚོད་རིང་། ཁོང་ལ་ཀྲུང་ཕྱིའི་བརྩམས་སྒྲུང་དང་ལྷུག་རྩོམ། འབོལ་རྩོམ་སོགས་ཀྱི་དཔེ་དེབ་འདྲ་མིན་ཡིད་ཚིམ་པར་ལྟ་ཀློག་བྱེད་པའི་གོ་སྐབས་བྱུང་ནས། ངོ་མཚར་ཆེ་ཞིང་ཕུན་སུམ་ཚོགས་པའི་རྩོམ་རིག་ཞིང་ཁམས་ཀྱིས་ཁོང་གི་ལྟ་རྒྱ་དང་ཐོས་རྒྱའི་སྒོ་མོ་ཡངས་པོར་ཕྱེ་བ་མ་ཟད། ཁོང་གི་རྩོམ་རིག་ལ་བཅངས་པའི་དགའ་ཞེན་དེ་བས་འཕེལ་བར་བྱས། ཁོང་གིས་མི་ཞིག་གི་འཚོ་བའི་ཉམས་མྱོང་ཇི་ལྟར་ཕུན་སུམ་ཚོགས་ཀྱང་། དེ་ནི་འཚོ་བའི་སྙིང་པོ་ཉམས་ལེན་གྱི་ཆ་ཤས་ཤིག་རང་ཡིན་པས། ད་དུང་ཉམས་མྱོང་དང་ཉམས་ལེན་མང་པོ་ཞིག་དཔེ་ཆའི་ནང་ནས་ཐོབ་དགོས་པར་ངོས་འཛིན་གནང་བཞིན་མཆིས།

སློབ་ཆེན་དུས་སྐབས་ཀྱིས་ཁོང་ལ་ཆེས་ཕུན་སུམ་ཚོགས་པའི་ལང་ཚོ་ཞིག་སྦྱིན་ཡོད། ཁོང་གིས་སློབ་གསེང་དུས་ཚོད་ལ་རྩོམ་ཡིག་འབྲི་འགོ་བརྩམས་པ་དང་སྦྲགས་རང་ཉིད་ཀྱི་བརྩམས་ཆོས་ཚགས་པར་དང་དུས་དེབ་ཏུ་བསྐུར་ནས་འགོད་ཐུབ་མིན་བལྟས། མ་གཞི་རྩོམ་ཡིག་ཕྱིར་ཐེངས་མང་བསློགས་ཀྱང་། ཁོང་གིས་རྩོམ་ཡིག་འབྲི་བའི་གོམས་གཤིས་རྩ་བ་ནས་འདོར་མྱོང་མེད། སྤྱི་ལོ་1983ལོར། ཁོང་གིས་རེ་སྒུག་སྟོང་ཕྲག་བྱས་པའི་དཔྱིད་དཔལ་དེ་གཞི་ནས་བཞད་པ་རེད། ལོ་དེར། ཁོང་གི་བརྩམས་སྒྲུང་ཐོག་མ《གཅེས་ཕྲུག་གི་ལས་དབང》བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་བཀོད་ནས། ཁོང་ལ་རྩོམ་ཡོན་སྒོར་བཅུ་དྲུག་རག་ཅིང་། དེ་ནི་ཁོང་ལ་རག་པའི་རྩོམ་ཡོན་ཐོག་མ་དེ་ཡིན་པས་ནང་སེམས་དགའ་བ་འབུམ་གྱིས་མྱོས་ཏེ། རང་ཉིད་ལ་ལྷམ་ཆ་གཅིག་ཉོས་པ་མ་ཟད། ཉལ་ཁང་གཅིག་པའི་སློབ་གྲོགས་ཁྲིད་ནས་གློག་བརྙན་ལྟ་བར་བསྐྱོད་པ་རེད། དེའི་རྗེས་སུ། ཁོང་གིས《སྤང་རྒྱན་མེ་ཏོག》དུས་དེབ་ཏུ་དམངས་ཁྲོད་ཀྱི་རྩོམ་ཡིག་འགའ་ཞིག་སྤེལ་བས། ཁོང་ལ《སྤང་རྒྱན་མེ་ཏོག》དུས་དེབ་ཀྱི་རྩོམ་སྒྲིག་འགན་འཁུར་བ་བདེ་ཆེན་སྒྲོལ་དཀར་ཀྱིས་བསྐུར་བའི་ཕྱག་ཡིག་ཅིག་འབྱོར་ཞིང་། ཕྱག་ཡིག་ནང་བདེ་ཆེན་སྒྲོལ་དཀར་གྱིས་ཁོང་ལ་མུ་མཐུད་རྩོམ་འབྲིའི་ལམ་དུ་ཞུགས་རྒྱུར་སྐུལ་ལྕག་གནང་ཡོད་སྟབས། དུས་དེ་ནས་བཟུང་། ཁོང་གིས་རྩོམ་རིག་གི་གདན་དུ་འཁོད་ཐུབ་པར་བྱེད་པའི་མི་འགྱུར་དམ་བཅའ་བརྟན་པོ་སྙིང་དབུས་སུ་བཞག་པ་རེད།

སློབ་གྲྭ་ཆེ་མོ་ཐོན་རྗེས། ཚེ་རིང་དབྱངས་སྐྱིད་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་སློབ་འབྲིང་དུ་ལས་བགོས་བརྒྱབ་ནས་མི་དམངས་ཀྱི་དགེ་རྒན་ཞིག་ཆགས་པ་རེད། དགེ་རྒན་ཞིག་བྱེད་རྒྱུ་ནི་ཁོང་གི་ཕུགས་འདུན་མིན་ཡང་། གཞི་རིམ་གྱི་སློབ་གསོ་སློབ་ཁྲིད་ཀྱི་མྱོང་བས་ཁོང་གི་གསར་རྩོམ་གྱི་རྒྱུ་ཆ་ཕུན་སུམ་ཇེ་ཚོགས་སུ་གྱུར་པ་མ་ཟད། ལྷིང་འཇགས་ཀྱི་འཚོ་བས་ཁོང་ལ་དཔེ་དེབ་ཀློག་པའི་དུས་ཚོད་འདང་ངེས་ཤིག་སྦྱིན་པ་རེད། དགེ་རྒན་ཞིག་གི་ངོས་ནས། ཉིན་ལྟར་སྐྱེ་སྟོབས་རབ་ཏུ་འབར་བའི་ན་གཞོན་གྱི་ཁྱུ་ཚོགས་དང་མཉམ་དུ་རོལ་དགོས་སྟབས། ཁོང་གི་གསར་རྩོམ་གྱི་ཁ་ཕྱོགས་ཀྱང་རང་བཞིན་དུ་གཞོན་ནུ་ལོ་ཆུང་གི་བསམ་པའི་ཞིང་ཁམས་སུ་བསྲིངས་པ་རེད། དུས་སྐབས་དེའི་རིང་། ཁོང་གིས་གཞོན་ནུ་ལོ་ཆུང་གི་འཚར་ལོངས་ཀྱི་བརྒྱུད་རིམ་མཚོན་པའི་བརྩམས་ཆོས《སོ་ནམ་ཤོར་བའི་ལྗང་བུ》གསར་རྩོམ་གནང་ཞིང་། བརྩམས་ཆོས་འདིར་སྐབས་གསུམ་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ་པ་རེད།

དུས་ཀྱིས་བཏབ་པའི་རེ་བའི་ས་བོན་དག བརྩོན་པ་ཅན་གྱི་བསོད་ནམས་འབྲས་བུར་སྨིན་པ་ལྟར། 1986ལོར། ཚེ་རིང་དབྱངས་སྐྱིད་ཀྱིས་བོད་ཀྱི་རྩོམ་རིག་སྒྱུ་རྩལ་སྟེང《བྲག་སྟེང་གི་རྩྭ་ཆུང》ཞེས་པའི་བརྩམས་སྒྲུང་སྤེལ་བར་ཀློག་པ་པོའི་གདེང་འཇོག་ཡག་པོ་ཐོབ་པ་རེད། 2008ལོ་ནི་ཁོང་གི་རྩོམ་རིག་གསར་རྩོམ་ལ་སླར་ཡང་དཔྱིད་དཔལ་གསར་པ་བཞད་པའི་ལོ་ཞིག་ཡིན་ཏེ། ཁོང་གི་བརྩམས་སྒྲུང་ལེགས་སྒྲིག《རི་རྩེའི་སྤྲིན་དཀར》ལ་སྐབས་དགུ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་རྟ་མཆོག་བྱ་དགའ་ཐོབ་པ་རེད།

འཚོ་བ་དངོས་ལ་ཞུན་བརྡར་མཁས་པའི་རྩོམ་པ་པོ།

བཞི།

འཚོ་བའི་ཁྲོད་དུ་གཏིང་ཟབ་ཞུགས་ཏེ་གསར་རྩོམ་གྱི་རྒྱུ་ཆ་འཚོལ་བ་དང་། མི་སྣ་ཕལ་པའི་ལས་དབང་ལ་དེ་བས་ཀྱང་དོ་སྣང་དང་བསམ་གཞིག་བགྱིས་པ་ནི་ཁོང་གི་གསར་རྩོམ་ཡོད་ཚད་གསོན་ཉམས་དོད་པོ་ཡོང་བའི་འབྱུང་རྩ་དེ་རེད། ཁོང་གིས་ཉེ་བའི་ལོའི་ནང་དཔེ་སྐྲུན་བྱས་པའི་བརྩམས་སྒྲུང《མེ་ཏོག་དང་རྨི་ལམ》ནི་མི་སྣ་ཕལ་པའི་ལས་དབང་མཚོན་པའི་བརྩམས་ཆོས་ཤིག་ཡིན་ལ། བོད་ཀྱི་བུད་མེད་རྩོམ་པ་པོས་གསར་རྩོམ་གནང་བའི་བོད་ཡིག་གི་བརྩམས་སྒྲུང་རིང་གྲས་ཐོག་མ་དེ་ཡིན་ཞིང་། བརྩམས་སྒྲུང་ཐོན་མ་ཐག་ཀུན་གྱི་དོ་སྣང་བྱ་ཡུལ་དུ་གྱུར་ཡོད།

“བརྩམས་སྒྲུང《མེ་ཏོག་དང་རྨི་ལམ》ཞེས་པ་དེས་དུས་རབས་ཤིག་རྒྱབ་ལྗོངས་སུ་བྱས་ནས། གྲོང་ཁྱེར་དུ་ལས་ཀ་བྱེད་པར་ཡོང་པའི་གྲོང་གསེབ་ཀྱི་གཞོན་ནུ་མ་བཞིའི་མི་ཚེའི་གཏམ་རྒྱུད་བརྗོད་དེ། ཁོང་ཚོའི་ན་ཆུང་གི་ཕུཌ་བསམ་ནས་སྐྱོ་གདུང་གི་འུ་འབོད་དང་། ཐབས་ཟད་འུ་ཐུག་ནས་མི་ཚེའི་གནས་ལུགས་རྟོགས་པའི་བར་གྱི་ལས་དབང་གི་སྐྱིད་སྡུག་ཞིབ་འབྲི་བྱས་ཡོད། བརྩམས་སྒྲུང་གིས་བུ་མོ་བཞིའི་ནང་སེམས་ཁམས་ཀྱི་འཕོ་འགྱུར་དང་། བསམ་པའི་ཞུན་བརྡར་སྣ་ཚོགས་དྭངས་གསལ་མེ་ལོང་ངོས་ལས་འཆར་བ་བཞིན་ཇི་མ་ཇི་བཞིན་དུ་བསྟན་ནས། རྩོམ་པ་པོས་བུད་མེད་ཚོགས་སྤྱིའི་ལས་དབང་ལ་བསམ་གཞིག་དང་ཐུགས་ཁུར་གཏིང་ཟབ་བྱས་པ་མཚོན་ཡོད”ཅེས་བོད་ལྗོངས་སློབ་གྲྭ་ཆེ་མོའི་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཕུར་བུ་མཚམས་གཅོད་ཀྱིས་དཔྱད་བརྗོད་དེ་ལྟར་གནང་ཡོད།

ལྷ་སར་ལོ་ངོ་སུམ་ཅུ་ལྷག་ཙམ་འཚོ་སྡོད་བྱས་པའི་བརྒྱུད་རིམ་ནང་། ཁོང་གིས་ཉིན་ལྟར་ཁྱིམ་ནས་ལྷ་ས་སློབ་འབྲིང་བར་རྐང་འཁོར་བཞོན་ཏེ་སྐར་མ་ཉི་ཤུ་ལྷག་ཙམ་བསྐྱོད་པའི་ལམ་བར་དུ། ལྷ་ཀླུ་ཟམ་པ་དང་ཞོལ་གྲོང་གསར་སོགས་མི་སྣ་འདུ་འཛོམས་ཆེ་ཞིང་འཁྲུག་ཆ་དོད་པའི་སྡེ་ཁུལ་བརྒྱུད་དགོས་སྟབས། རྟག་ཏུ་མིག་ལམ་དུ་མཐོང་ཆོས་སུ་གྱུར་པ་ནི་ལྷ་ཀླུ་ཟམ་པའི་འགྲམ་གྱི་ལས་ཀ་སྒུག་བཞིན་པའི་གླ་པ་དང་། ས་སྲོད་ཀྱི་མུན་པའི་ཀློང་དུ་ཐིམ་བཞིན་པའི་ན་ཆུང་གི་བུ་མོ་སོཌ་རེད། དུས་དེ་ནས་བཟུང་། ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་གྲོང་ཁྱེར་དུ་ལས་ཀ་བྱེད་པར་ཡོང་པའི་བུ་མོའི་གཏམ་སྤྱོད་དང་རྣམ་པར་དོ་སྣང་བྱས་ཤིང་། ཁོ་ཚོའི་ཀྱག་ཀྱོག་དང་མིག་ཆུ་འདྲེས་མའི་མི་ཚེའི་གཏམ་རྒྱུད་ཉན་ཏེ། ཁོ་ཚོའི་འཚོ་གནས་ཀྱི་གནས་བབ་ལ་དུང་སེམས་ལྷག་ཏུ་བཅངས་ཡོད། དེ་ལྟར་ལོ་ཡི་འཁོར་མོ་ཡུན་ནས་ཡུན་དུ་བརྩེཌ་པ་དང་བསྟུན་ནས། ཁོང་གི་ཡིད་ཀྱི་མེ་ལོང་ངོས་སུ་གྲོང་ཁྱེར་དུ་ལས་ཀ་བྱེད་པར་ཡོང་ནས་ལས་དབང་ལ་འགྱུར་ལྡོག་གཏོང་འདོད་ཀྱི་འདུན་པ་དྲག་པོ་བཅངས་པའི་གཞོན་ནུ་མ་བཞིའི་གཏམ་རྒྱུད་འཆར་ཞིང་། མཐར་2009ལོའི་ཟླ་5པར། ཁྲེང་ཏུའི་གྲོང་རྡལ་ཆུང་ངུ་ཞིག་ཏུ་བོད་ཡིག་གི་མཐོ་རྒྱུཌ་རྒྱུགས་ཤོག་འདོན་པར་འགྲོ་བའི་གོ་སྐབས་ཀྱིས་བརྩམས་སྒྲུང་འདིའི་ཐོག་མའི་སྒྲིག་གཞི་གྲུབ་པ་རེད།

ཚེ་རིང་དབྱངས་སྐྱིད་ཀྱིས《མེ་ཏོག་དང་རྨི་ལམ》བརྒྱུད་ནས་ཉམ་ཆུང་བཏང་སྙོམས་མིན་པའི་ཕོག་ཐུག་ལ་དུང་སེམས་བཅངས་ཡོད་ལ། འདོད་རྔམ་གྱི་བཙོག་དྲིས་བུད་མེད་ཀྱི་བསམ་བློར་ལྷད་ཞུགས་པར་སྐྱོན་བརྗོད་ཀྱང་བྱས་ཤིང་། ཡ་རབས་གཞུང་དྲང་དང་དཀའ་སྤྱད་བབ་ཆགས་ཀྱི་གཤིས་སྤྱོད་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཏེ། དེང་རབས་ཀྱི་བུད་མེད་ཚོར་རང་སྐྱ་འཕེར་ཞིང་། རང་ཚུགས་ཐུབ་པ་དང་། རང་བཀུར་རང་བརྩི་ནི་ད་གཟོད་བདེ་སྐྱིད་ཀྱི་ལམ་བཟང་ཡིན་པར་དྲན་སྐུལ་གནང་ཡོད།

ལོ་ངོ་སུམ་ཅུའི་རིང་། དཔེ་ཁྲིད་མི་སྐྱོང་གི་ལས་དོན་དང་དུ་བླངས་པའི་དབང་གིས་ཚེ་རིང་དབྱངས་སྐྱིད་ཀྱི་ལུས་ལ་སྔ་བར་ཕྱི་གསུམ་དུ་སློབ་གསོའི་ལས་དོན་པའི་འགན་འཁྲི་དང་ལྷག་བསམ་མངའ་ཞིང་། ཁོང་གི་རྩོམ་རིག་གསར་རྩོམ་གྱི་བརྒྱུད་རིམ་གྱི་སྔ་བར་ཕྱི་གསུམ་དུ་བྱམས་དང་སྙིང་རྗེའི་སེམས་བསྐྱེད་ཀྱང་འདུས། གྲོང་ཁྱེར་དུ་ལས་ཀ་བྱེད་པར་ཡོང་པའི་གྲོང་གསེབ་ཀྱི་གཞོན་ནུའམ་ཡང་ན་འདུ་འཛི་ཆེ་བའི་གྲོང་ཁྱེར་དུ་གཞིས་ཆགས་པའི་གྲོང་ཁྱེར་གྱི་ན་གཞོན་གང་ཞིག་ཡིན་རུང་། བདེ་སྐྱིད་དོན་དུ་གཉེར་འདོད་ན་རང་ཉིད་ཀྱི་ལག་ཟུང་གི་འབད་བརྩོན་ལ་བརྟེན་དགོས་པ་ནི་ཁོང་གི་བརྩམས་སྒྲུང《མེ་ཏོག་དང་རྨི་ལམ》ནང་གཞོན་སྐྱེས་རྣམས་ལ་བསྟན་པའི་གནས་ལུགས་དམ་པ་དེའོ།

ལས་དབང་གསར་རྩོམ་དང་དམ་དུ་སྦྲེལ་བའི་རྩོམ་པ་པོ།

ལྔ།

འགའ་རེས། རྩོམ་རིག་གི་ལམ་དུ་ཞུགས་པ་ནི་རང་ཉིད་ལ་གུ་དོག་པའི་ལམ་ཞིག་བདམས་པ་རེད་ཅེས་བརྗོད་ཀྱི་ཡོད། འོན་ཏེ། ལམ་དེར་ཞུགས་པའི་མི་ལ་ཁེར་རྐྱང་གི་སྣང་བ་ཡོད་ལ་བདེ་སྐྱིད་ཀྱི་དགོད་སྒྲ་དེ་བས་ཡོད། བརྩམས་སྒྲུང་རིང་གྲས《མེ་ཏོག་དང་རྨི་ལམ》དཔེ་སྐྲུན་འགྲེམས་སྤེལ་བྱས་པའི་ངོ་མཚར་གྲུབ་འབྲས་ཀྱི་ལྟག་རྒྱབ་ཏུ་རྩོམ་པ་པོས་དུས་ཡུན་ལོ་བདུན་གྱི་རིང་ལ། ཡང་སྐོར་བསྐྱར་སྐོར་གྱི་བཟོ་བཅོས་བསྐྱོན་ནས་ཡག་ཐོག་ཡག་བརྩེགས་ཡོང་ཆེད་དུ་འབད་པའི་རྩོལ་བ་དྲག་ཏུ་བསྐྱེད་པའི་རྔུལ་ཆུ་གྲངས་མེད་བཏོན་ཡོད།

རྩོམ་རིག་གསར་རྩོམ་ལ་དབྱིངས་ཞུགས་པའི་སྐོར་གླེང་སྐབས། ཁོང་གིས་ང་ཚོར་དགོད་བྲོ་བའི་གནས་ཚུལ་ཞིག་གསུངས་བྱུང་སྟེ། ལོ་རབས་དགུ་བཅུ་པའི་དུས་ཀྱི་ཉིན་ཞིག ཞོགས་པ་བཟའ་ཟླ་དང་ཕ་མ་ཕྱིར་ཐོན་དགོས་སྟབས། ཁྱིམ་ནས་མ་ཐོན་གོང་། ཁོང་ལ་ཉིན་དགུང་ཁ་ལག་བཟོ་རྒྱུ་མངགས། ཁོང་ཚོ་ཁྱིམ་ནས་ཕྱིར་ཐོན་མ་ཐག ཁོང་གིས་བྲེལ་བྲེལ་འཚུབ་འཚུབ་ངང་ཁང་ཆུང་ནང་འཛུལ་ནས་རྩོམ་ཡིག་འབྲི་འགོ་བརྩམས། སྨྱུ་གུའི་སྣག་ཚ་རྫོགས་པ་དང་ཞ་སྨྱུག་གིས་མུ་མཐུད་བྲིས། མི་སྣའི་ལས་དབང་དང་སྒྲུང་གི་འབྱུང་རིམ་ལ་དབྱིངས་ཡོངས་སུ་ཞུགས་ནས། གཞོགས་ཀྱི་ཁང་པའི་ནང་གི་སྐུད་འབྲེལ་ཁ་པར་གྱི་སྒྲ་ག་ཚོད་གྲགས་མིན་ཐོས་འཛིན་ལམ་དུ་མ་ཐོས་ལ། སྒོ་རའི་ཕྱི་ནས་བཟའ་ཟླས་སྒོ་ག་ཚོད་བརྡུངས་མིན་དེ་བས་མ་ཐོས། འུ་ཐུག་ཐབས་ཟད་ཀྱི་གནས་སྐབས་སུ། ཁོང་གི་བཟའ་ཟླས་གྱང་འཛེགས་ནས་ཁྱིམ་དུ་འཛུལ་རྒྱུ་ལས་མ་འདས། བཟའ་ཟླས་ཁོང་སེམས་རྣལ་དུ་ཕབ་ནས་རྩོམ་ཡིག་འབྲི་བཞིན་པ་མཐོང་སྐབས། དབུཌ་རིང་ཞིག་བཏང་རྗེས་གད་མོ་དགོད་བཞིན་དུ“ང་ཚོའི་བསམ་པར་རང་གྲོངས་པ་རེད་བསམས་བྱུང”ཞེས་བཤད། དེ་བས་ཁོང་ཚོས་རེ་སྒུག་བྱས་པའི་དགུང་ཟས་ནི་གྲིབ་མ་ཙམ་ཡང་མཐོང་རྒྱུ་ག་ལ་ཡོད།

“ཚེ་རིང་དབྱངས་སྐྱིད་ནི་གཟབ་ནན་ཆེ་བའི་རྩོམ་པ་པོ་ཞིག་ཡིན། ཁོང་གི་བརྩམས་ཆོས་ཀྱིས་དངོས་ཡོད་ཀྱི་འགལ་འདུ་ལས་ཕྱིར་བཤོལ་བྱས་མེད་ལ། སྒྲོ་འདོགས་དང་འུད་བརྗོད་དེ་བས་ཀྱང་བྱས་མེད”ཅེས་བོད་ལྗོངས་སློབ་གྲྭ་ཆེ་མོའི་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཕུར་བུ་མཚམས་གཅོད་ཀྱིས་གདེང་འཇོག་གནང་། ཚེ་རིང་དབྱངས་སྐྱིད་ཀྱིས་རང་ཉིད་ཚེ་འདིར་རྩོམ་རིག་དང་ལྷན་དུ་འགྲོགས་རྒྱུ་བྱུང་བ་ནི་ལས་སྐལ་བཟང་པོ་ཞིག་ཏུ་ངོས་འཛིན་ཞིང་། རྩོམ་རིག་ནི་རང་ཉིད་དང་དགའ་སྐྱོ་མཉམ་མྱོང་བྱེད་མཁན་གྱི་ཚེ་གང་གི་གཏན་གྲོགས་དང་འདྲ་བར། ཁོང་གིས་དུང་བ་ཟབ་མོ་བཅངས་ནས་ནམ་ཡང་བློས་བཏང་མེད། ཁོང་གིས་གལ་ཏེ་རྩོམ་རིག་དང་མ་འཕྲད་ན། དེ་རིང་གི་ཁོང་ཁོང་ཉིད་ཡིན་མི་སྲིད་ལ། རྩོམ་རིག་གིས་ལུས་སྟོབས་ཞན་པའི་ཁོང་ལ་འཚོ་བཅུད་མ་གནང་ཚེ་དེ་རིང་གི་བདེ་ཞིང་ཐང་བའི་ཁོང་ཡོད་མི་སྲིད་པར་ངོས་འཛིན་གྱི་ཡོད།

ད་ལྟ་ཁོང་རྒལ་ཡོལ་ཞུས་ཟིན་ནས། ཁྱིམ་དུ་ལོ་ན་བགྲེས་པའི་ཕ་མ་གཉིས་ལ་ཞབས་ཏོག་ཞུ་གི་ཡོད་ལ། ནང་ལས་ཙག་ཙིག་བར་ནས་ཁོང་གིས་སྔར་བཞིན་ཁོམ་པ་བཙལ་ཏེ་དཔེ་ཆ་ལྟ་ཀློག་དང་རྩོམ་ཡིག་འབྲི་རྒྱུ་རྒྱུན་འཁྱོངས་བྱེད་ཅིང་། ཁོང་གི་ངོས་ནས་བརྗོད་ན། རྩོམ་འབྲི་ནི་ལྷིང་འཇགས་ཀྱི་གྲུ་ཁ་ཞིག་དང་། ནང་སེམས་ངལ་གསོ་བའི་བསྟི་གནས་ཤིག་རང་རེད། ང་ཚོས་ཁོང་གིས་དེ་བས་མང་བའི་བརྩམས་ཆོས་རྒྱ་ཆེའི་ཀློག་པ་པོའི་མིག་ཡིད་ཀྱི་དགའ་སྟོན་དུ་གཤོམ་ཐུབ་པའི་རེ་བ་བྱེད་བཞིན་ཡོད།

ཁོང་དང་ཞལ་གྱེས་ཞུ་སྐབས། ཕྱི་དྲོའི་ཉི་འོད་དེ་མཚར་སྡུག་གིས་བཞད་པའི་མེ་ཏོག་དང་། བབ་ཆགས་ཤིང་དྲོ་སྐྱིད་ཀྱིས་ཁེངས་པའི་ཚོམས་ཆེན་ནང་འཕྲོས་ཏེ། ཁང་པའི་ཕྱི་ནང་ཀུན་ཏུ་མེ་ཏོག་གི་དྲི་ཞིམ་ཅི་དགར་ཁྱབ་བཞིན་མཆིས། (ལྕང་བུ་ཆུང་གིས་བསྒྱུར)