《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月15日

རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་ཡིས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་པ།

ཏིང་ཡེ་ཤན་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཚེས་13ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་ཡིས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། སྐབས་དགུ་པའི་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་123པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཐད་སླར་ཡང་སྐུལ་སློང་དང་། སླར་ཡང་ནན་བཤད། སླར་ཡང་བཀོད་སྒྲིག་བཅས་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཏིང་ཡེ་ཤན་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཏིང་ཡེ་ཤན་གྱིས་ཉེ་དུས་ས་གནས་དང་གྲོང་ཁྱེར་ཁག་གིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་ཆབས་ཅིག་བརྟན་ལྷིང་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བླང་བྱར་ནན་ཏན་གཞིགས་ཏེ“ཕྱོགས་གཉིས་ལ་དམ་འཛིན་དང་ཕྱོགས་གཉིས་ཀ་དམ་འཛིན་ནན་པོ”བྱ་རྒྱུ་མཐའ་འཁྱོངས་ཐོག་འགན་ནན་ཏན་ངང་འཁུར་བ་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་འཁུར་བའི་ཐོག་ནས་བརྟན་ལྷིང་སྲུང་སྐྱོང་གི་འགག་རྩའི་དམག་འཐབ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ཡག་པོ་རྒྱག་རྒྱུར་ནུས་པ་གལ་ཆེན་བཏོན་པས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་གསུངས་པ་རེད།

ཏིང་ཡེ་ཤན་གྱིས་ནན་བཤད་གནང་དོན། མིག་སྔར་བརྟན་ལྷིང་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་ཞིང་ཛ་དྲག་པོ་ཡོད་པས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་གཅིག་ནས་ཆེད་དོན་བཅོས་སྒྲིག་སྔར་བས་གཏིང་ཟབ་ཏུ་གཏོང་དགོས་ཤིང་། བརྟན་ལྷིང་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཁྲོད་གནས་པའི་གནད་དོན་མངོན་གསལ་དོད་པོ་དང་ཞན་ཆ་མུ་མཐུད་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ཏེ་འགལ་ཟླ་དང་། ཉེན་ཁ། མི་མངོན་པའི་རྐྱེན་ངན་བཅས་གྲལ་བཤེར་དང་། ལས་རིགས་ཀྱི་ཟང་ཟིང་རྣམ་པ། སྤྱི་པའི་བདེ་འཇགས་སོགས་ལ་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ནས་ཕྱོགས་ཡོངས་ནས་གནད་དོན་གྱི་མི་མངོན་པའི་རྐྱེན་ངན་སེལ་རྒྱུ་འགན་ལེན་བྱེད་དགོས་པ་དང་། གཉིས་ནི་དོགས་ཟོན་དང་ཁ་གཏད་གཅོག་རྒྱུར་སྔར་བས་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ་དམ་འཛིན་ནན་པོ་དང་། (པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) ཆོས་ལུགས་ཁྱབ་ཁོངས་ལ་དོ་དམ་ཡག་པོ་བྱེད་པ། དགོན་སྡེར་བདེ་འཇགས་དོགས་ཟོན་གྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པ། མཐའ་མཚམས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། ཁྲིམས་འགལ་ངང་ས་ཁོངས་ལས་འགྲོ་འོང་གི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་བཅས་བྱས་ནས་རྒྱལ་ཁབ་བདེ་འཇགས་དང་། མེས་རྒྱལ་གཅིག་གྱུར། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ། གསུམ་ནི་དྲ་བའི་བདེ་འཇགས་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་ཤིང་། “དྲ་བའི་བདེ་འཇགས་མེད་ན་རྒྱལ་ཁབ་ཀྱི་བདེ་འཇགས་མེད་པ་དང་། ཆ་འཕྲིན་ཅན་མེད་ན་དེང་རབས་ཅན་མེད་པའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས་དྲ་འཛུགས་དང་། དྲ་སྤྱོད། དྲ་སྡོམ་སོགས་ཐད་ཤུགས་སྣོན་བརྒྱབ་ཐོག དྲ་ཚིགས་དང་ཁོངས་གཏོགས་བདེ་འཇགས་ཀྱི་དོགས་ཟོན་ནུས་པ་ཏན་ཏིག་ངང་ཆེ་རུ་བཏང་སྟེ་བདེ་འཇགས་མཐའ་གཅིག་ཏུ་ཡོང་བར་བྱེད་དགོས་པ། བཞི་ནི་གཙོ་གནད་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་ཤིང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་ལས་དོན་མུ་མཐུད་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྒྲིག་ལམ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས། སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། དེ་དང་དུས་མཚུངས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དམ་འཛིན་དང་། གཅིག་ཤོས་ནས་འཕེལ་རྒྱས་དང་བརྟན་ལྷིང་སྣོད་བཅུད་གསུམ་པོ་དམ་འཛིན་མཐའ་འཁྱོངས་བྱས་ཐོག“བརྟན་ལྷིང་དྲུག”གི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་སྟེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དམིགས་ཚད་ཀྱི་ལས་འགན་དངོས་སྒྲུབ་དོན་འཁྱོལ་བྱས་ཏེ། གཉིས་ཀ་འཐུས་ཤོར་མི་ཡོང་བ་དང་གཉིས་ཀར་སྐུལ་མ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

(བདེ་སྐྱིད་སྒྲོལ་དཀར་གྱིས་བསྒྱུར། བདེ་སྒྲོལ་དང་བསོད་དཔའ་ཡིས་ཞུས)