《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月12日

རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་10ཉིན་གནས་ཚུལ་འབྱོར་གསལ། ཚེས་10ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཏེ། རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ཟླ་2ཚེས་10ཉིན་བར་ལྷ་ས་གྲོང་ཁྱེར་ནས་གཏན་འཁེལ་བྱུང་བའི་ཏོག་གསར་གློ་ཚད་ནད་པ་1དེ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར་ལོགས་སུ་བཞག་ནས་སྨན་བཅོས་བྱས་པས། ནད་གཞིའི་གནས་ཚུལ་བརྟན་པོ་ཡོད་པ་དང་། ཏོག་གསར་གློ་ཚད་ཕོག་པ་གཏན་འཁེལ་བའི་ནད་པ་དང་འབྲེལ་ཐུག་དམ་ཟབ་བྱེད་མཁན་ཚང་མ་ལོགས་སུ་འཇོག་མཚམས་བཞག་པ་དང་། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་ཚང་མར་དོགས་ཡོད་ནད་དཔེའམ་ཡང་ན་གཏན་འཁེལ་བའི་ནད་དཔེ་ཐོན་མེད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་དུས་བབ་ཀྱི་རྙོག་འཛིང་རང་བཞིན་དང་ཛ་དྲག་རང་བཞིན་ལ་ངོས་འཛིན་གང་ལེགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དེ་ཉིད་མིག་སྔའི་ལས་དོན་གལ་ཆེ་ཤོས་ལ་བརྩིས་ནས་དམ་འཛིན་བྱས་པ་དང་། གདེང་ཚོད་བརྟན་དུ་གཏོང་བ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་བསྟར་བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ་དང་། གཞི་རིམ་གྱི་མཉམ་འགོག་མཉམ་བཅོས་ལ་ཤུགས་སྣོན་རྒྱག་པ། སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་དང་འཚོ་བའི་དངོས་ཟོག་གཉིས་ཀ་འགན་ལེན་བྱེད་པ། གྲོང་གསེབ་ཏུ་རིམས་ནད་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་རབ་དང་རིམ་པ་སྤྱད་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་བྱས་ཡོད།

ལྷ་ས་གྲོང་ཁྱེར་གྱིས་རིགས་དབྱེ་ནས་གནད་སྨིན་ཇུས་བསྟར་དང་ཕྱོགས་ཡོངས་ནས་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱས་པ་དང་། སྔོན་འགོག་གཙོ་བོར་བཟུང་སྟེ“འབྱུང་ཁུངས་ནས་ཚོད་འཛིན”བྱས་ཤིང་། བོད་དུ་ཡུལ་སྐོར་དང་། ཚོང་གཉེར། གླ་པ། མཆོད་མཇལ་བཅས་ལ་ཡོང་རྩིས་ཡོད་མཁན་རྣམས་ལ་གནས་སྐབས་བོད་དུ་ཡོང་མི་བཅུག་པ་དང་ཕྱི་ནས་འགོ་བའི་ཉེན་ཁ་ནུས་ཤུགས་ཡོད་རྒུས་ཆུང་དུ་བཏང་ཡོད། རིགས་དབྱེ་དོ་དམ་བྱས་ཏེ“འཕར་རྒྱུར་ཚོད་འཛིན”བྱས་ཤིང་། ལྗོངས་ཕྱི་ནས་ལྷ་སར་ཡོང་མཁན་ཚང་མར་ཚ་བ་ལྟ་བ་དང་། ཐོབ་ཐང་གི་ཆ་འཕྲིན་དང་ས་ཆ་གང་དུ་སྐྱོད་མིན་ཞིབ་བཤེར་བརྟག་དཔྱད་བྱས་ཡོད། རིམས་ནད་མཆེད་ལམ་བཀག་ནས“ཁྱབ་རྒྱུ་སྔོན་འགོག”བྱས་ཤིང་། རིག་གནས་རོལ་རྩེད་ཁུལ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། རྫོང་དབར་གྱི་དུས་གཏན་འགྲུལ་སྐྱེལ་རླངས་འཁོར་དང་དྲ་འབོད་རླངས་འཁོར་ཁག་གཅིག་བཅས་ཕྱི་ཕྱོགས་སུ་གཉེར་སྐྱོང་བྱེད་མཚམས་འཇོག་ཏུ་བཅུག་པ། གྲོང་མིའི་འཚོ་བའི་ཉེར་མཁོའི་ཞིང་ཞོར་ཁྲོམ་ར་དང་། སྒོ་རྩིས་ཚོང་ཁང་། སྨན་རྫས་ཚོང་ཁང་སོགས་སུ་དུག་སེལ་སོགས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ཡོད།

ཉིང་ཁྲི་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་འགན་སྲུང་དྲ་རྒྱ་དང་། འགོག་སྲུང་དྲ་རྒྱ། འགན་འཁྲིའི་དྲ་རྒྱ་བཅས“དྲ་རྒྱ་གསུམ”ཚགས་དམ་དུ་བཏང་སྟེ་མཉམ་དུ་སྔོན་འགོག་དང་མཉམ་དུ་ཚོད་འཛིན་དང་། མཉམ་འགོག་མཉམ་སྡོམ་གྱི་འཛིང་རགས་བརྟན་པོ་ཞིག་ནུས་ཤུགས་ཡོད་རྒུས་བསྐྲུན་པ་དང་ལྷག་པར་དུ་ཡུལ་སྐོར་ཐོན་ཁུངས་འབེལ་བའི་དབང་གིས་ཉིང་ཁྲིར་འགྲོ་འོང་བྱེད་མཁན་མང་བའི་གནས་ཚུལ་ལ་དམིགས་ཏེ་གྲོང་ཁྱེར་ཡོངས་ཀྱི་མཛེས་ལྗོངས་ཁུལ་ཡོངས་སུ་བརྡ་ཐོ་སྦྱོར་བ་དང་། སྤྱི་བསྒྲགས་སྤེལ་བ། ཤ་ཚའི་དྲན་སྐུལ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་པ་དང་། རླུང་འཕྲིན་བརྙན་འཕྲིན་དང་། སྐད་འཕྲིན། དཔོད་ཕྲན་སོགས་སྨྱན་སྦྱོར་ལས་སྟེགས་བརྒྱུད་དེ་དུས་ཐོག་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྤྱི་བསྒྲགས་དང་། སྔོན་འགོག་ཕྱོགས་སྟོན་བཏང་བ། དུས་ཐོག་ཏུ་མཛེས་ལྗོངས་ཁུལ་དང་། གསོལ་མགྲོན་ཁང་གནས་སྐབས་སྒོ་རྒྱག་རྒྱུའི་དོན་དག་གསལ་བསྒྲགས་བྱས་པ་མ་ཟད། སྤ་སེ་དང་ཁང་པ་ཕྱིར་སློག་བདེ་བླག་ཡོང་བ་བྱས་ཏེ་ཡུལ་སྐོར་བ་ཕྱིར་ལོག་བྱེད་དགོས་པའི་ཁ་ཏ་བསླབ་བྱའི་ལས་དོན་ཡག་པོ་བསྒྲུབས་ཡོད།

ལྷོ་ཁ་གྲོང་ཁྱེར་གྱིས་ཕྱི་ནས་འགོ་བའི་ཉེན་ཁ་འགོག་པའི་ལས་དོན་ཡག་པོ་སྒྲུབ་པའི་རྨང་གཞིའི་ཐོག གཞི་རིམ་གྱི་མཉམ་འགོག་མཉམ་བཅོས་ནུས་པར་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་མང་ཚོགས་ལ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་དུས་བབ་དང་། སྲིད་ཇུས། འགོག་སྲུང་ཤེས་བྱ་བཅས་དྲིལ་བསྒྲགས་ཡག་པོ་བྱས་ནས་ཞིང་འབྲོག་མང་ཚོགས་ལ་ཚན་རིག་དང་མཐུན་པའི་འགོག་སྲུང་བྱེད་དགོས་པའི་ཁྲིད་སྟོན་བྱས་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་སེམས་ནུས་ཡོད་རྒུ་འདོན་པ་དང་། སྣེ་ཁྲིད་ནས་གཞི་རིམ་གྱི་འཐབ་ས་དང་པོ་དང་ཞིང་འབྲོག་ཁུལ་སོགས་སུ་སྐྱོད་དེ། རྒྱང་བསྒྲགས་ཆུང་ངུ་དང་། “འཆད་ཁྲིད་ཆུང་གྲས”ཀྱི་སྒྲོག་འགྲེལ་རུ་ཁག“སྐོར་སྐྱོད་དྲིལ་བསྒྲགས་རླངས་འཁོར”སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་ལ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་ནས་མང་ཚོགས་ཀྱིས་དེའི་སྐོར་གྱི་ཤེས་བྱ་ཁོང་དུ་ཆུད་ཚད་མཐོ་རུ་བཏང་ཡོད།

མངའ་རིས་ས་ཁུལ་གྱིས་རིམས་ནད་སྔོན་འགོག་བྱེད་རིང་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་དང་འཚོ་བའི་དངོས་ཟོག་གཉིས་ཀ་འགན་ལེན་ཐུབ་རྒྱུར་དམིགས་ཏེ་བྱ་ཐབས་སྣ་མང་མཉམ་སྤྱོད་ཀྱིས་དངོས་ཟོག་མཁོ་སྤྲོད་འགན་ལེན་བྱས་ཡོད། དངོས་ཟོག་སྐྱེལ་འདྲེན་གྱི་ཤར་བགྲོད་ལམ་བུ་བཏོད་པ་དང་། ཚལ་འདེབས་ཞིང་པར་དྲོད་ཁང་ཆེ་མོའི་ནང་ཚལ་འདེབས་དགོས་པའི་སྐུལ་སློང་བྱས་ནས་གྲབས་གསོག་འགན་ལེན་དང་། ཉོ་སྒྲུབ་འགན་ལེན། བོད་སྐྱོར་འགན་ལེན། རང་མཁོ་རང་གསོ་སོགས་ཀྱི་ཐབས་ལམ་སྣ་མང་སྤྱད་ནས་སྨན་བཅོས་དང་། འཚོ་བ། ནུས་རྒྱུ་སོགས་རིགས་ཁག་གི་དངོས་ཟོག་མཁོ་སྤྲོད་འགན་ལེན་བྱས་ཏེ། རིགས་ཁག་གི་དངོས་ཟོག་མི་ཆད་པ་དང་འཚོང་མཚམས་མི་ཆད་པའི་འགན་ལེན་བྱས་ཡོད། ད་བར་མངའ་རིས་ས་ཁུལ་གྱི་འཚོ་བའི་མཁོ་ཆས་དང་ནུས་རྒྱུ་སོགས་དངོས་ཟོག་འདང་ངེས་ཡོད་པ་དང་། ཁྲོམ་ར་བརྟན་ལ་སྒྲིག་ལམ་ལྡན་པ། རིན་གོང་རྒྱུན་མཐུད་བརྟན་པོ་ཡོད་པ་བཅས་རེད།

ཆབ་མདོ་གྲོང་ཁྱེར་གྱིས“གཅིག་རེ་དྲུག”གི་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ལམ་317དང་། 318 214བཅས་ལམ་རྒྱུད་དང་དེ་བཞིན་མཁའ་འགྲུལ་བརྒྱུད་ནས་ཆབ་མདོར་འཛུལ་བའི་ལམ་བུར་དམིགས་ཏེ་ཆབ་མདོར་ཡོང་སའི་ས་མཚམས་དང་འགག་གནད་ཆེ་སར་འཕྲོད་བསྟེན་ཞིབ་བཤེར་ས་ཚིགས་19བཙུགས་པ་དང་སྨན་དོན་མི་སྣ་དང་སྤྱི་བདེའི་སྟོབས་ཤུགས་ཧྲག་པོ་ཆ་ཚང་བར་བཀོད་སྒྲིག་བྱས་ཡོད། ཆབ་མདོར་ཡོང་མཁན་མི་སྣ་དང་རླངས་འཁོར་སྔོན་འགོག་ཚོད་འཛིན་བྱེད་པའི“གཅིག་རེ་དྲུག”གི་བྱ་ཐབས་བཟོས་པའི་ནང་། ཆ་འཕྲིན་རེའུ་མིག་གཅིག་རྒྱོང་བ་དང་། གང་དུ་སྐྱོད་མིན་སྐད་ཆ་ཐེངས་གཅིག་འདྲི་བ། གཟུགས་པོ་བདེ་ཐང་ཡིན་མིན་བརྟག་དཔྱད་ཐེངས་གཅིག་བྱེད་པ། ཁས་ལེན་ཡི་གེ་གཅིག་འབྲི་བ། ཉིན་ལྟར་རྗེས་སྙེགས་བཅར་འདྲི་ཐེངས་གཅིག་བྱེད་པ། ཉིན་ལྟར་ཆ་འཕྲིན་གྲངས་གཞི་ཐེངས་གཅིག་གོང་ཞུ་བྱེད་པ་བཅས་དང་། ད་དུང་ཆབ་མདོར་ཡོང་མཁན་མི་སྣར་ཚ་བ་ལྟ་བ་དང་། ཆ་འཕྲིན་ཐོ་འགོད། རླངས་འཁོར་ལ་དུག་སེལ་སོགས་ཀྱི་བྱ་ཐབས་ཞིབ་ཚགས་དང་ནན་དུ་གཏོང་བ་སོགས་ཚུད་ཡོད་པ་རེད།

ནག་ཆུ་གྲོང་ཁྱེར་ནི་མཚོ་བོད་ལྕགས་ལམ་དང་། རྒྱལ་ལམ་317དང་109ཡི་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་ཡིན་པས། འགྲུལ་འབོར་ཧ་ཅང་ཆེན་པོ་ཡོད། ནག་ཆུ་གྲོང་ཁྱེར་གྱིས“མངོན་གསལ་དོད་པོ་གསུམ་དང་མཐའ་འཁྱོངས་གསུམ”གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱས་ཤིང་། ལྕགས་ལམ་དང་གཞུང་ལམ་གྱི་འགག་སྒོ་གལ་ཆེན་དེ་མངོན་གསལ་དོད་པོར་བྱས་ཏེ་གཙོ་གནད་མདུན་དུ་ཕྱོགས་རྒྱུ་མཐའ་འཁྱོངས་ཀྱིས་ཕྱི་ནས་འགོ་བའི་ཉེན་ཁ་ནན་པོ་སྲུང་བ་དང་། ཉམས་ཞན་ལྷུ་ཚིགས་ཡིན་པའི་ཞིང་འབྲོག་ཁུལ་དང་ཞིང་འབྲོག་པ་མངོན་གསལ་དོད་པོར་བྱས་ཏེ་དམ་འཛིན་ཏན་ཏིག་དང་ཞིབ་ཕྲ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྔོན་འགོག་ཚོད་འཛིན་དོན་འཁྱོལ་དམིགས་སར་འབྱོར་བའི་འགན་ལེན་བྱེད་པ། ཐབས་ལམ་ནུས་ལྡན་ཡིན་པའི་དམངས་ཡོངས་ཞུགས་རྒྱུ་མངོན་གསལ་དོད་པོར་བྱས་ཏེ་མཉམ་དུ་སྔོན་འགོག་དང་མཉམ་དུ་ཚོད་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་རང་ངོས་འགོག་སྲུང་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཡོད་པ་རེད།

གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་རིམས་ནད་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་སྣ་འགྲོ་འོང་ལ་ཚོད་འཛིན་ནན་པོ་བྱས་པ་དང་། “ལྷོད་པོར་སྡོད་པ་ལས་འགྲོ་སྐྱོད་བྱ་རྒྱུ་མེད་པ་དང་ཁ་ཐོར་དུ་སྡོད་པ་ལས་འཛོམས་རྒྱུ་མེད་པའི”བྱ་ཐབས་སྤྱད་དེ་མི་རིགས་ཁག་གི་མང་ཚོགས་ལ་འདུ་འཛོམས་བྱེད་སྒོ་སྤེལ་རྒྱུ་མེད་པ་དང་དོན་མེད་ཕྱི་ལ་དོན་རྒྱུ་མེད་པའི་སློབ་གསོ་ཁྲིད་སྟོན་བྱས་ཡོད། ཁག་བགོས་ནས་གཙོ་གནད་མི་ཚོགས་ལ་དམིགས་བཀར་འགོག་སྲུང་བྱས་པ་དང་། གྲོང་ཚོ་དང་གྲོང་ལྷན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་མ་ལག་བཙུགས་པ། ཕྱི་ནས་ཡོང་བའི་མི་སྣར་གྲལ་བཤེར་དང་། ཐོ་འགོད། བཅར་འདྲི་བཅས་བྱེད་ཤུགས་ཆེ་རུ་བཏང་བ། སྔོན་འགོག་ཚོད་འཛིན་དང་ལྟ་ཞིབ་ཚད་ལེན་དང་ཁྱིམ་དུ་བསྡད་ནས་གསོ་རིག་ལྟ་ཞིབ་ཀྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ཡོད། ཤང་དང་གྲོང་རྡལ་དང་གྲོང་ཚོ་ཨུ་ལྷན་གྱི་འཛུལ་སྒོ་དང་ཐོན་སྒོར་ལུགས་མཐུན་ངང་ཞིབ་བཤེར་ས་ཚིགས་བཙུགས་ཏེ། ལས་རེས་སྲུང་བྱ་ཆེད་མངགས་བཀོད་སྒྲིག་བྱས་ཏེ་ཕར་འགྲོ་ཚུར་འོང་གི་རླངས་འཁོར་ཐོ་འགོད་ནན་པོ་དང་ཚ་བ་ལྟ་བ་བཅས་བྱས་ཡོད་པ་རེད།

(བསྟན་བློས་བསྒྱུར། པ་ཕན་དང་བསྟན་བློས་ཞུས)