《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

འབྲུ་རིགས་དང་ཤ་ཚལ་སྒོང་གསུམ་འབེལ་ཞིང་རིན་གོང་བརྟན་པོ་ཡོད་པ།

—— རང་ལྗོངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་ནུས་ཤུགས་ཡོད་རྒུས་སྔོན་འགོག་ཚོད་འཛིན་བྱེད་པའི་རིམ་སྤེལ་འཕྲིན་སྤེལ་བཞི་པ།

↑ འདི་ནི་ལྷ་སའི་སྒོ་རྩིས་ཚོང་ཁང་ཞིག་ནང་གྲོང་མིས་ཚལ་རིགས་འདེམས་བཞིན་པ།

“སྒོ་རྩིས་ཚོང་ཁང་གི་ཚལ་རིགས་སྣ་ཁ་མང་ལ་རིན་གོང་ཡང་བརྟན་པོ་འདུག”ཅེས་ལྷ་སའི་སྒོ་རྩིས་ཚོང་ཁང་གང་སར་བསྐྱོད་རྒྱུར་དགའ་བའི་སྐུ་ཞབས་ཀྲུང་ལགས་ཀྱིས་བཤད། ཉེ་དུས། གསར་འགོད་པས་བཅར་འདྲི་བྱེད་སྐབས་ལྷ་ས་གྲོང་ཁྱེར་གྱི་སྒོ་རྩིས་ཚོང་ཁང་ཁག་གི་དམངས་འཚོའི་དངོས་ཟོག་ཕུན་སུམ་ཚོགས་པོ་ཡོད་ལ་རིན་གོང་ཡང་བརྟན་པོ་ཡོད་པ་ཤེས་རྟོགས་བྱུང་བ་རེད།

ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ལས་དོན་སྤེལ་ཚུན། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཙོ་བོས་སྔོན་ཚུད་ནས་བཀོད་འདོམས་དང་འཐབ་ས་དང་པོར་བསྐྱོད་ནས་དངོས་ཟོག་གྲབས་གསོག་བྱས་ཚུལ་ལ་བརྟག་ཞིབ་གནང་བ་དང་ལྷགས་པའི་དཀའ་ངལ་དང་གནད་དོན་ལ་དབྱེ་ཞིབ་གནང་ནས་དངོས་ཟོག་འགན་ལེན་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བ་རེད། རིམ་པ་ཁག་དང་སྡེ་ཚན་ཁག་དང་གྲོང་ཁྱེར་དང་ས་ཁུལ་ཁག་གིས་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་ནུས་ཤུགས་གང་ཡོད་ཀྱིས་རིམས་ནད་ལ་འགོག་རྒོལ་དང་། ཁྲོམ་ར་བརྟན་པོ་ཡོང་བ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་འགན་ལེན་ནུས་ལྡན་བྱས་ནས་རིམས་ནད་ལས་རྣམ་པར་རྒྱལ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

ཉིན་ཤས་བསྟུད་མའི་རིང་། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་ཁྲོམ་རའི་རིན་གོང་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་ནས་གཙོ་གནད་ཚོང་ཟོག་གི་རིན་གོང་ལ་བསྟུད་མར་ལྟ་ཞིབ་ཚད་ལེན་བྱས་ཏེ་གཙོ་གནད་བཟའ་བཅའི་རིན་གོང་ལ་ལྟ་ཞིབ་ཚད་ལེན་གྱི་སྙན་ཞུའི་ལམ་ལུགས་དང་ཉིན་མཚན་དབྱེར་མེད་ཀྱི་སྒུལ་བདེའི་ཁ་པར་ལས་རེས་ལམ་ལུགས་བཙུགས་ནས་ཁྲོམ་རར་སྐོར་ཞིབ་སྐོར་འདྲི་ནན་ཏན་བྱས་ཏེ་འབྲེལ་ཡོད་ཀྱི་ཆ་འཕྲིན་དུས་ཐེངས་21དུས་ཐོག་ཏུ་ཡོངས་བསྒྲགས་དང་གོང་ཞུ་བྱས་པ་རེད། ཟླ་2ཚེས་6ཉིན་བར་བཟའ་བཅའི་ཐད་ལྗོངས་ཡོངས་སུ་བཟའ་བཅའ་རིགས་38ལ་གཙོ་གནད་ལྟ་ཞིབ་དང་ཚད་ལེན་བྱས་རྗེས་མཁོ་སྤྲོད་འདང་ངེས་ཡོད་པ་དང་། རིན་གོང་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཡོད་པ། ཟ་སྣུམ་དང་། ཀྲོ་མ་ཀྲུ། ཕག་པའི་རྩིབ་ཤ་བཅས་ཚོང་ཟོག་ཁག་གཅིག་གི་རིན་གོང་ཅུང་འཕར་ཡོད་པ་རེད།

ལྗོངས་འཕེལ་སྒྱུར་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲུའུ་རེན་གཞོན་པ་ཕུར་བུ་ཚེ་རིང་གིས་ཟླ་2ཚེས་6ཉིན་བར་ད་ཡོད་འབྲུ་རིགས་ཏུན་82000མཛོད་ཉར་བྱས་ཡོད་པ་དང་། ཆ་སྙོམས་ཉིན་རེར་བཅོས་སྣུམ་དང་འབྲུ་རིགས་ཏུན་850གཏོང་འདྲེན་བྱེད་ཀྱི་ཡོད་པ། ཉིན་རེར་ཏུན་1500བྲིན་ཚོང་བྱེད་ཀྱི་ཡོད་པས་འབྲུ་རིགས་འདང་ངེས་དང་མཁོ་སྤྲོད་བརྟན་པོ་ཡོད་པ་རེད། དེ་དང་ཆབས་ཅིག་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་རོགས་རམ་གནང་རེ་ཞུས་ཏེ་རང་ལྗོངས་སུ་འཁྱགས་བཏང་བའི་ཕག་ཤ་ཏུན་3000མཛོད་ཉར་ཁ་གསབ་བྱས་པ་དང་། སྔོན་དཔགས་བྱས་ན་ཉེ་དུས་འཁྱགས་བཏང་བའི་ཕག་ཤ་མཛོད་ཉར་བྱེད་ཚད་ཏུན་5000ཟིན་རྒྱུ་རེད། ད་ཆ་འཁྱགས་བཏང་བའི་ཚགས་ཤ་ཏུན་1300མཛོད་ཉར་བྱས་ཡོད་པ་དང་མང་ཚོགས་ཀྱི་རང་ཁྱིམ་དུ་ཚགས་ཤ་དང་ལུག་ཤ་འབེལ་བས་མཁོ་སྤྲོད་འདང་ངེས་ཡོད་པ་རེད། ཚལ་རིགས་ཀྱི་ཐད་ལྗོངས་ནང་ཁུལ་དུ་ཉིན་རེར་ཆ་སྙོམས་སྔོ་ཚལ་ཏུན་150ཙམ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་དང་ལྗོངས་ཕྱི་ནས་ཉིན་རེར་ཆ་སྙོམས་སྔོ་ཚལ་ཏུན་160འཐེན་གྱི་ཡོད་པས་སྣ་ཁ་ཕུན་སུམ་ཚོགས་ལ་མཁོ་སྤྲོད་བྱེད་ཚད་འདང་ངེས་དང་རིན་གོང་བརྟན་པོ་ཡོད་པ་རེད། (པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) ནུས་རྒྱུའི་ཐད་ལྗོངས་ཡོངས་ཀྱིས་ཉིན་ལྟར་ཆ་སྙོམས་གློག་གཏོང་ཚད་ཏུའུ་གྲངས་ཁྲི་2100ཟིན་པ་དང་། གློག་བྲིན་ཚོང་བྱེད་ཚད་ཏུའུ་གྲངས་ཁྲི་1800ཟིན་ཡོད། ད་ཆ་ལྗོངས་ཡོངས་སུ་བཅོས་སྣུམ་མཛོད་ཉར་བྱེད་ཚད་བསྡོམས་ཏུན་ཁྲི8.1ཟིན་པ་དང་ཉིན་རེར་མཛོད་ཁང་ནས་འདོན་ཚད་ཏུན་1900ཟིན་པ། ཉིན་རེར་མཛོད་འཇུག་བྱེད་ཚད་ཏུན་2400ཟིན་གྱི་ཡོད། ད་ཆ་ལྗོངས་ཡོངས་སུ་རང་བྱུང་སོལ་རླངས་མཛོད་ཉར་བྱེད་ཚད་སྤྱི་འབོར་སྨི་རྒྱ་དཔངས་གྲུ་བཞི་ཁྲི་160ཟིན་པ་དང་ཉིན་རེར་སོལ་རླངས་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་20ཟིན་པ། ཉིན་རེར་མཛོད་འཇུག་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་20ཟིན་པས། གློག་ཤུགས་མཁོ་སྤྲོད་བརྟན་ལ་སྣུམ་རླངས་གྲབས་གསོག་འདང་ངེས་ཡོད་ཅེས་བཤད།

རང་ལྗོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་མཉམ་དུ་སྔོན་འགོག་དང་། མཉམ་དུ་ཚོད་འཛིན། མཉམ་དུ་བཀོད་གཏོང་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་དངོས་ཟོག་མཁོ་སྤྲོད་འདང་ངེས་ཡོང་བའི་འགན་ལེན་བྱས་ཡོད། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་མཉམ་དུ《ཁྲོམ་རའི་རིན་གོང་བྱ་སྤྱོད་ཀྱི་དྲན་སྐུལ་བསླབ་འདོམས་ཡི་གེ》ཡོངས་བསྒྲགས་བྱས་ནས། ལྟ་ཞིབ་ཚད་ལེན་རྗེས་སྙེགས་བྱེད་ཤུགས་དང་། ཁྲིམས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་བས་ཁྲོམ་རའི་སྒྲིག་ལམ་ལ་ཚོད་འཛིན་བརྟན་པོ་ཐུབ་པ་བྱས་པ་རེད།

རང་སྐྱོང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་ཚུན་དང་། ལྷག་པར་དུ་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་རིམ་པ་དང་པོའི་བརྡ་ལན་འགོ་བཙུགས་རྗེས་རང་ལྗོངས་ཀྱིས་ཁྲོམ་རའི་བྱེད་པོ་དང་ཚོང་གཉེར་བར་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་ཁྲིད་སྟོན་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག ཁྲོམ་རའི་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་མཁོའི་སྤྱོད་ཆས་དང་མི་དམངས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཚལ་རིགས་དང་། ཤ་རིགས། སྒོ་ང་སོགས་ཀྱི་ཐོན་རྫས་ཀྱི་གཙོ་གནད་ཁྱབ་ཁོངས་གཉིས་ལ་དམིགས་ནས་རིན་གོང་དང་སྤུས་ཚད་བདེ་འཇགས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་2ཚེས་6ཉིན་བར། རིན་གོང་བློ་འདྲིའི་ཐེར་འདོན་གོང་ཞུའི་གནད་དོན་236ཐག་གཅོད་བྱས་པའི་ནང་ཁ་རས་ཀྱི་རིན་གོང་སྐོར་གྱི་ཐེར་འདོན་གནད་དོན་49ཐག་གཅོད་བྱས་པ་དང་། སྔོ་ཚལ་དང་ཤིང་འབྲས་རིགས་ཀྱི་ཐེར་འདོན་གནད་དོན་53ཐག་གཅོད་བྱས་པས་ཟོག་གོང་མཐོ་རུ་འགྲོ་ཚུལ་ཚོད་འཛིན་ནུས་ལྡན་ཐུབ་ཡོད་པ་རེད།

(པ་ཕན་གྱིས་བསྒྱུར། བསྟན་བློ་དང་པ་ཕན་གྱིས་ཞུས)