《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

ད་ཆའི་ཆེས་འགག་རྩའི་གནད་དོན་ནི་དོན་འཁྱོལ་གྱི་ལས་དོན་དམ་འཛིན་ཏན་ཏིག་ ཞིབ་ཚགས་བྱ་རྒྱུ་དེ་ཡིན།

རིམས་ནད་ཐོན་ཚུན། ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་གཉིས་འཚོགས་ནས་ཆེད་དོན་ཞིབ་འཇུག་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ཀྱི་ཁེ་ཕན་ཐམས་ཅད་ལས་ལྷག་པ་རྩ་བའི་འགོ་འཛུགས་སར་བྱས་ཏེ“ད་ཆའི་ཆེས་འགག་རྩའི་གནད་དོན་ནི་དོན་འཁྱོལ་གྱི་ལས་དོན་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས་བྱ་རྒྱུ་དེ་རེད”ཅེས་ནན་བཤད་གནང་བ་དེ་ཐོག་ནས་དམངས་དོན་དུ་སྲིད་སྐྱོང་བའི་རང་མདངས་འབུར་དུ་ཐོན་པ་དང་། བདེན་འཚོལ་དངོས་སྒྲུབ་ཀྱི་སྤྱོད་ཚུལ་གསལ་པོར་མངོན་པ། ལྷག་བསམ་ཟོལ་མེད་ངང་འགན་འཁྲི་འཁུར་ཕོད་པའི་ཀུན་སྤྱོད་མངོན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་གདེང་ཚོད་དང་སྟོབས་ཤུགས་ཆེན་པོ་བསྣན་པ་མ་ཟད་རྩ་བའི་གཞི་འཛིན་ས་གལ་ཆེན་ཡང་མཁོ་འདོན་བྱས་ཡོད།

དོན་འཁྱོལ་བྱ་རྒྱུ་ནི་བྱ་བ་སྒྲུབ་པའི་རྨང་གཞི་ཡིན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཏན་ཏིག་དང་དོན་འཁྱོལ་ཞིབ་ཚགས་ཡོང་མིན་ནི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་མིན་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་དང་ཐད་ཀར་འབྲེལ་བ་ཡོད་པ་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་པོ་ཡོང་རྒྱུ་དང་ཡང་ཐད་ཀར་འབྲེལ་བ་ཡོད། རིམས་ནད་ཐོན་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་དང་སེམས་ཐག་གཙང་བཅད་ཀྱིས་ལག་བསྟར་དོན་འཁྱོལ་བྱས་ནས། འཕྲལ་དུ་ཞིབ་འཇུག་དང་བྱ་སྤྱོད་མྱུར་སྤེལ་དང་།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ཕྱོགས་ཡོངས་ནས་སྐུལ་སློང་དང་ཕྱོགས་ཡོངས་ནས་བཀོད་སྒྲིག བཀོད་སྒྲིག་ཞིབ་ཚགས་དང་དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རིམས་ནད་མཆེད་པ་བཀག་འགོག་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ནི་རླུང་རླབས་དྲག་པོར་འཐབ་པའི་བྲག་རྡོ་ལྟ་བུ་ཞིག་རེད། ང་ཚོས་བྱ་སྤྱོད་ངོ་མར་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཏན་ཏིག་ཞིབ་ཚགས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་དང་། གདེང་ཚོད། སྟོབས་ཤུགས་བཅས་ལྡན་པར་བྱས་ཚེ་རིམས་ནད་མཆེད་པའི་གནས་ཚུལ་མཐའ་གཅིག་ཏུ་འགོག་ཐུབ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་འཐོབ་ངེས་ཡིན་པ་དོན་དངོས་ནས་ར་སྤྲོད་ནུས་ལྡན་ཐུབ་ཀྱི་ཡོད།

རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དོན་འཁྱོལ་ལས་དོན་ལ་དམ་འཛིན་ཏན་ཏིག་ཞིབ་ཚགས་བྱེད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་འདོམས་དང་། གཅིག་གྱུར་མཐུན་སྦྱོར། གཅིག་གྱུར་བཀོད་གཏོང་བཅས་ལ་བརྩི་སྲུང་དང་བཀའ་གསུངས་ཅི་སྒྲུབ་ཞུ་དགོས་པ་དང་། ཀྲུང་དབྱང་གིས་གཏན་ལ་ཕབ་པའི་བཀོད་སྒྲིག་གཞིར་བཟུང་། རིམས་ནད་མཆེད་ཚུལ་གྱི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱས་ནས་ཚན་རིག་དང་མཐུན་པའི་འགོག་བཅོས་དང་། ཁྲིམས་ལྟར་འགོག་བཅོས། གནད་སྨིན་འགོག་བཅོས་བཅས་མཐའ་འཁྱོངས་ཀྱིས“སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་སྙན་སེང་ཞུ་བ། སྔ་ཙམ་ལོགས་སུ་འཇོག་པ། སྔ་ཙམ་སྨན་བཅོས”བཅས་དང་། “ནད་པ་གཅིག་སྡུད་དང་། རིགས་གཅིག་མཁས་ཅན་གཅིག་སྡུད། ཐོན་ཁུངས་གཅིག་སྡུད། སྐྱོབ་བཅོས་གཅིག་སྡུད”བཅས་ཀྱི་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱས་ནས་རིམས་ནད་མ་མཆེད་སྔོན་འགོག་དང་སྨན་བཅོས་ཐོན་ཁུངས་དངོས་ཟོག་འགན་ལེན་སོགས་ཀྱི་མངོན་གསལ་དོད་པའི་དཀའ་ངལ་དང་གནད་དོན་རྒྱུན་ཆད་མེད་པར་ཁྱད་བསད་དང་ཐག་གཅོད་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་འགྱུར་མེད་སྟོབས་ལྡན་གྱི་འགན་ལེན་མཁོ་འདོན་བྱེད་དགོས།

རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དོན་འཁྱོལ་ལས་དོན་ལ་དམ་འཛིན་ཏན་ཏིག་ཞིབ་ཚགས་བྱེད་པར། མི་དམངས་ཀྱི་ཁེ་ཕན་ཐམས་ཅད་ལས་ལྷག་པ་རྩ་བའི་འགོ་འཛུགས་ས་ཡིན་པ་ཁོང་དུ་བརྟན་པོར་ཆུད་པར་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། འབྲེལ་ཡོད་སྡེ་ཚན་ཁག་གིས་ངེས་པར་དུ་ཏང་གི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་བཅངས་ཏེ་མི་དམངས་ཀྱི་ཁེ་ཕན་ཚད་གཞི་མཐོ་ཤོས་སུ་བརྩི་བ་མཐའ་འཁྱོངས་དང་། མི་དམངས་མཆོག་ཏུ་འཛིན་པ་དང་ཚེ་སྲོག་མཆོག་ཏུ་འཛིན་པ་མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ཨང་དང་པོར་འཇོག་པ་དང་། དམིགས་ཡུལ་གྱི་འདུ་ཤེས་མི་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི་བྱ་སྤྱོད་ལ་འགྱུར་བར་བྱེད་པ། མང་ཚོགས་ཀྱི་དོ་ཁུར་བྱ་ཡུལ་དང་དགོས་མཁོ་གང་དུ་ཡོད་པར་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་སྤེལ་བ། ཐབས་ཇུས་བཀོད་སྒྲིག་ཁག་མང་ཚོགས་ཀྱི་སེམས་ཁམས་སུ་དོན་འཁྱོལ་ཏན་ཏིག་ཞིབ་ཚགས་བྱེད་པ་བཅས་ལ་བརྟེན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་སྤྱད་དེ་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་། ཐོབ་ཚོར། བདེ་འཇགས་ཚོར་སེམས་བཅས་ཟབ་ཏུ་ཏན་ཏིག་གཏོང་དགོས།

རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དོན་འཁྱོལ་ལས་དོན་ལ་དམ་འཛིན་ཏན་ཏིག་ཞིབ་ཚགས་བྱེད་པར་སྤྱི་ཡོངས་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་དགོས། དུས་ཡུན་རིང་པོའི་ནང་། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་མི་རིགས་ཁག་གི་མང་ཚོགས་བདེ་སྐྱིད་ཁམས་བཟང་བྱུང་ཡོད། རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་ནུས་ཤུགས་ཡོད་རྒུས་རིམས་ནད་ལ་འགོག་རྒོལ་བྱེད་པའི་འགག་རྩའི་དུས་སུ་ང་ཚོས་ངེས་པར་དུ“སྤྱི་ཡོངས་གཉིས”བློ་ལ་བརྟན་པོར་བཅངས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཀྱི་མཐོ་ཚད་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་མཐོ་ཚད་ནས་གཏན་འཁེལ་བྱུང་བའི་ནད་པ་སྐྱོབ་བཅོས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པ་དང་ལོགས་སུ་བཞག་ནས་ལྟ་ཞིབ་བྱེད་པའི་མང་ཚོགས་ཀྱི་འཚོ་བར་ནུས་ཤུགས་ཡོད་རྒུས་དོ་ཁུར་གྱིས་ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་དམ་འཛིན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ཐོན་སྐྱེད་སྒྲིག་འཛུགས་ཀྱི་ལས་དོན་ལ་དམ་འཛིན་བྱས་ཏེ། རྒྱལ་ཡོངས་མི་དམངས་དང་མཉམ་དུ་དཀའ་ངལ་སེལ་བ་དང་ཕྱར་བ་གྲུ་འདེགས་ཀྱིས་བོད་ཀྱི་མི་དམངས་ཀྱིས་ཏང་ལ་དགའ་ཞེན་དང་མེས་རྒྱལ་ལ་དགའ་ཞེན་བྱེད་སེམས་ཆེན་པོ་མངོན་པ་དང་རྒྱལ་ཡོངས་ཀྱི་བསམ་ཇུས་གཅིག་གི་ལམ་ལུགས་ཀྱི་ལེགས་ཆ་མངོན་པར་བྱས་ནས་ཀུན་སེམས་གཅིག་སྒྲིལ་གྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དོན་འཁྱོལ་ལས་དོན་ལ་དམ་འཛིན་ཏན་ཏིག་ཞིབ་ཚགས་བྱེད་པར་འགན་འཁྲི་ནན་དུ་གཏོང་བ་དང་ཉམས་སད་ཐེག་པའི་སྤྱོད་ཚུལ་ལྡན་པར་བྱེད་དགོས། དམག་འཐབ་དྲག་པོ་རྒྱག་པར་ཉམས་སད་ཐེག་པའི་སྤྱོད་ཚུལ་ཞིག་ངེས་པར་དུ་ལྡན་དགོས་ཤིང་། རིམ་ཁག་ཏང་རྩ་འཛུགས་ཀྱིས་འགན་འཁྲི་ནན་དུ་གཏོང་བ་འགྱུར་མེད་ཀྱི་བྱེད་ཐབས་ཤིག་ལ་བརྩིས་ཏེ་འགན་འཁྲི་བ་ཨང་དང་པོ་དང་། བྱེད་པོའི་འགན་འཁྲི། མངའ་ཁོངས་ཀྱི་འགན་འཁྲི་བཅས་ནན་དུ་བཏང་ནས་ཏང་གི་སྟོབས་དང་ལྡན་པའི་ཆབ་སྲིད་ཀྱི་ལེགས་ཆ་དང་། རྩ་འཛུགས་ཀྱི་ལེགས་ཆ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ལེགས་ཆ་བཅས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ཕྱོགས་བསྡུས་ལེགས་ཆར་གྱུར་པར་བྱས་ནས་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་ཏན་ཏིག་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་ལམ་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་ཤུགས་མི་འདང་བ་དང་། གཅིག་གྱུར་གྱི་བཀོད་འདོམས་དང་བཀོད་གཏོང་དང་ལེན་མི་ཞུ་བ་དང་རང་གནས་རིང་ལུགས་ཚབས་ཆེ་བ། འགན་འཁྲི་འཁུར་མི་ཕོད་པ་དང་། སྤྱོད་ཚུལ་ཏན་ཏིག་མེད་པ། འགན་ཁག་དཀྲི་བ་བཅས་ལ་འགན་འཁྲི་བདའ་འདེད་དང་རྩད་གཅོད་ནན་པོ་བྱེད་པ་དང་། འགན་ཤོར་དང་འགན་འཛོལ་བྱུང་བར་སྒྲིག་ཁྲིམས་དང་བཅའ་ཁྲིམས་བཞིན་ཐག་གཅོད་ནན་པོ་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་དང་སྒྲིག་ཁྲིམས་ཀྱི་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས།

(ཉི་མ་དོན་གྲུབ་དང་པད་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)