《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月10日

ཝུའུ་དབྱིང་ཅེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་ལས་དོན་མཛུབ་ཁྲིད་ཚོགས་ཆུང་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་2ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་ལས་དོན་མཛུབ་ཁྲིད་ཚོགས་ཆུང་དང་བཞུགས་མོལ་གནང་ནས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྔར་བས་ཏན་ཏིག་དང་ཡག་པོ་སྒྲུབ་པའི་ཐད་དགོངས་འཆར་སྤེལ་རེས་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་མ་ཧྲེང་ཁྲང་བཞུགས་མོལ་ནང་ཞུགས་ཡོད་པ་རེད།

ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛུབ་ཁྲིད་ཚོགས་ཆུང་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་ས་གནས་ས་ཐོག་ཏུ་ཞིབ་བཤེར་མཛུབ་ཁྲིད་གནང་བར་ཕེབས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་དུས་སུ། མཛུབ་ཁྲིད་ཚོགས་ཆུང་དང་བཅས་པ་བོད་དུ་ཕེབས་ནས་ལས་དོན་ལ་མཛུབ་ཁྲིད་གནང་སྟེ་བོད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཆེད་དཀའ་སྤྱད་འབད་བརྩོན་གནང་ཡོད། དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱིས་བོད་ཀྱི་མི་དམངས་ལ་དམིགས་བསལ་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད་ཅེས་གསུངས་པ་དང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་མཛུབ་ཁྲིད་ཚོགས་ཆུང་གི་རིགས་གཅིག་མཁས་ཅན་རྣམ་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

ཝུའུ་དབྱིང་ཅེས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ཐོན་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་གནང་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དང་། ཚོགས་འདུ་གཙོ་སྐྱོང་ཐེངས་མང་གནང་ནས། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་གནང་བ་དང་བླང་བྱ་ཁ་གསལ་བཏོན་ཏེ། ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོནཡག་པོ་སྒྲུབ་ཆེད་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་གནང་ཡོད།

བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བཅས་བྱས་ནས། རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་སྔོན་འགོག་ཚོད་འཛིན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་མཛུབ་ཁྲིད་ནུས་ལྡན་འོག་དང་། མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཀའི་བླང་བྱ་གཞིར་བཟུང་། གདེང་ཚོད་བརྟན་པོ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་འདོན། རང་ཉིད་ཀྱི་ལས་ཀ་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཀྲུང་དབྱང་ལ་རྙོག་དྲ་གཏན་ནས་བཟོ་མི་རུང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཞིབ་ཕྲའི་ལས་དོན་ནང་། རང་སྐྱོང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་མིག་སྔའི་ལས་དོན་གལ་ཆེ་ཤོས་ལ་བརྩིས་ནས་དམ་འཛིན་བྱས་ཏེ། སྔོན་འགོག་གཙོ་བཟུང་དང་། ཕྱི་ནས་མ་འགོས་པ་དང་ནང་དུ་མ་ཁྱབ་པ་མཐའ་འཁྱོངས་བྱས་ཏེ་རིམས་ནད་མ་མཆེད་གཏན་འགོག་མཐའ་གཅིག་ཏུ་བྱས་ཡོད། རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བར་བྱས་ཡོད། དྲང་ཕྱོགས་ཀྱི་གླེང་ཕྱོགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཤུགས་ཆེའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་རིང་། དམིགས་སའི་རང་བཞིན་ལྡན་པའི་བསམ་པའི་དཔལ་ཡོན་གྱི་སློབ་གསོ་བཏང་ནས། མང་ཚོགས་ཀྱི་སྔོན་འགོག་ཚོད་འཛིན་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བར་སྐུལ་འདེད་བཏང་ཡོད། དབུལ་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་གཙོ་གནད་ལས་འགན་ཁག་གསུམ་ལ་དམིགས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་བྱས་ཡོད་ཅེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བས། ང་ཚོས་ངེས་པར་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། མཛུབ་ཁྲིད་ཚོགས་ཆུང་གི་བླང་བྱར་གཞིགས་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་མིག་སྔའི་ལས་དོན་གལ་ཆེ་ཤོས་ལ་བརྩིས་ནས་དམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། སྔར་ལས་ལྷག་པའི་ངང་ཐབས་ཤེས་ལེགས་སུ་གཏོང་བ་དང་། བྱ་ཐབས་ལ་ཤུགས་སྣོན་རྒྱག་པ། ཞན་ཆ་སེལ་བ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པ། རིམས་ནད་མ་མཆེད་གཏན་འགོག་མཐའ་གཅིག་ཏུ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་ལ་སེམས་ཁྲལ་སེལ་རོགས་དང་མི་རིགས་ཁག་གི་མང་ཚོགས་ལ་དཀའ་ངལ་སེལ་རོགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཛུབ་ཁྲིད་ཚོགས་ཆུང་གིས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་འབྲེལ། དུས་མཚམས་རྗེས་མའི་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པའི་ཐད་གྲོས་འགོ་བཏོན་གནང་ཞིང་། མཛུབ་ཁྲིད་ཚོགས་ཆུང་གིས་རིམས་ནད་ཐོན་རྗེས། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། དེ་བཞིན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་། ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད། ཆབ་སྲིད་ཀྱི་འགན་ལེན་དང་རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་བྱས་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་བློ་མཐུན་གཙོ་བོས་མདུན་ཕྱོགས་སུ་བཀོད་འདོམས་དང་། གོང་དཔེ་འོག་སྟོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མཐུན་སྦྱོར་གཞོགས་འདེགས་བྱས་ནས་ནུས་པ་ཆེ་བ་དང་། གོ་རིམ་ལྡན་པ། ཕན་འབྲས་ཐོན་པ་བཅས་ཀྱི་སྒོ་ནས་སྔོན་འགོག་ཚོད་འཛིན་ལས་དོན་ལ་སྐུལ་འདེད་བཏང་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རིམས་འགོག་འཐབ་ས་དང་པོར་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ་དང་། རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་སྨན་དོན་མི་སྣས་བཀའ་རྒྱ་འབྱོར་མ་ཐག་བྱ་སྤྱོད་སྤེལ་བ་དང་བློ་ཁོག་ཆེན་པོས་འགན་འཁྲི་ལྕི་པོ་ཁུར་ཡོད། རང་སྐྱོང་ལྗོངས་ཀྱིས་འཕྲལ་མ་ཉིད་དུ་ཡུལ་སྐོར་མཛེས་ལྗོངས་ཁུལ་ལས་གཉེར་བྱེད་མཚམས་བཞག་པ་དང་ཡུལ་སྐོར་གྱི་ཤ་ཚའི་དྲན་སྐུལ་བྱས་ཡོད། དམངས་སྤྱོད་མཁའ་འགྲུལ་དང་། མེ་འཁོར། འགྲུལ་སྐྱེལ་སོགས་ཀྱི་འགྲིམ་འགྲུལ་ཡོ་ཆས་དང་འགྲིམ་འགྲུལ་ལྟེ་བར་ཐོ་འགོད་ལྟ་ཞིབ་ཚད་ལེན་ནན་པོ་བྱས་ཡོད། གཞི་རིམ་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་གཞི་རིམ་གྱི་སྡེ་ཁུལ་དང་ཞིང་འབྲོག་ཁུལ་དུ་སྔོན་འགོག་ཚོད་འཛིན་ནན་པོ་བྱས་ཡོད། འཕྲོད་བསྟེན་སྔོན་འགོག་ཚོད་འཛིན་ལས་དོན་ཆེད་ལས་ནུས་ཆེ་ཡིན་ལ།ལས་ཀའི་ཚད་གཞི་ནན་པོ་བཟོས་པ་བཅས་ལས་ལས་རིགས་ཀྱི་སྙིང་སྟོབས་ཧ་ཅང་ཆེན་པོ་མངོན་ཡོད། དངོས་ཟོག་དང་། དྲིལ་བསྒྲགས། བརྟན་ལྷིང་སྲུང་སྐྱོང་སོགས་ཕྱོགས་ཁག་གི་ལས་དོན་ལ་སྤྱི་འདོམས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་བཀོད་འདོམས་ནུས་ལྡན་དང་། བཀོད་སྒྲིག་ཡག་པོ། སྒྲིག་འཛུགས་ནུས་ལྡན། སྔོན་ཚུད་སྔོན་བརྡ་དུས་ཐོག བྱ་སྤྱོད་མགྱོགས་མྱུར། ཕན་འབྲས་མངོན་གསལ་བཅས་ཀྱི་འགན་ལེན་བྱས་ཏེ། བོད་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་ནུས་ལྡན་བྱས་པ་དང་། ཉམས་མྱོང་དང་བྱ་ཐབས་བཟང་པོ་ཁག་གཅིག་ཧ་ཅང་ཡག་པོ་ཡོད་པས་ནང་སའི་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་འོས་པ་ཞིག་ཡོད། གོམ་སྟབས་རྗེས་མར། བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ནས་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་ལས་ཀའི་ཇུས་གཞི་སྔར་བས་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱེད་པ་དང་། ལས་ཀའི་བྱ་ཐབས་ནན་ལ་ཚད་ལྡན་ཡོང་བའི་འགན་ལེན་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་འཕྲོད་བསྟེན་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། སྨན་བཅོས་འཕྲོད་བསྟེན་སྒྱུར་བཅོས་དང་ནད་ཡམས་ཚོད་འཛིན་ལས་དོན། སྨན་བཅོས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བཅས་སྔར་བས་ཡག་པོ་བྱས་ཏེ་བོད་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།

(པ་ཚེ་དང་དཀོན་སྒྲོལ་གྱིས་སྒྱུར་ཞུས་བྱས)