《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月09日

༄ སྤུན་ཟླ་ལགས་། ཤུགས་རྒྱོབ་དང་།

རྣམ་གླིང་རིན་ཆེན།

གོས་དཀར་ཆས་སུ་སྤྲས་ཏེ། ཉིན་མཚན་དབུ་ལ་བཞེས་ནས་འཇིགས་ཡེར་བའི་སྨན་ཁང་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་མཁན་དེ་སུ་ཡིན། ལྗང་མདོག་གི་ལྭ་བ་བརྗེ་ཁོམ་མེད་པར། ཁ་ཆར་བུ་ཡུག་ཁྲོད་དུ་ཐོ་ཡོར་བཞིན་འགྲེང་མཁན་དེ་སུ་ཡིན། པར་ཆས་ལག་ཏུ་བཟུང་ནས། ཏོག་དབྱིབས་ཀྱི་ནད་དུག་གནས་ཚུལ་ཨང་དང་པོར་མང་ཚོགས་ལ་སྒྲོག་མཁན་དེ་སུ་ཡིན། ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་གྱི་འགན་འཁྲི་ཕྲག་ཏུ་བསྣམས་ནས་དཀའ་བ་ཟས་སུ་བསྟེན་མཁན་དེ་སུ་ཡིན། གྲོན་ཆུང་བསྲི་ཚགས་ཀྱིས་བསགས་པའི་དངུལ་ལོར་མཐའ་དག་ཕངས་སེམས་མེད་པར་སྐྱེས་སུ་འབུལ་ཁན་དེ་སུ་ཡིན། ཁོང་ཚོ་ནི་གཞན་ཅི་ཡང་མིན་པར་རང་རེའི་མེས་རྒྱལ་གྱི་པང་ནས་འཚར་བའི་ཀྲུང་གོའི་མི་དམངས་ཏེ། གཅིག་སེམས་གཅིག་ལ་ཆགས་པའི་གཅེས་པར་འོས་པའི་མ་ཡུམ་མེས་རྒྱལ་གྱི་བུ་ཕྲུག་རེད།

གཟིགས་དང་། ཁོང་གིས་བཟའ་མི་བུ་ཕྲུག་ཁྱིམ་དུ་བཞག་ནས། སྨན་ཁང་གི་མལ་ཁྲིའི་ཐོག་ན་ཚས་གཙེས་ཏེ་བགྲེ་ལོག་ཡང་ཡང་རྒྱག་བཞིན་པའི་ནད་པའི་ཚོགས་ལ་ན་ཚ་བཅོས་ཆེད། རང་སྲོག་ལ་ཕངས་སེམས་མེད་པར། སྔར་བཞིན་ལས་གནས་བརྟན་སྲུང་གནང་བཞིན་འདུག ཁོང་ལ་ནད་ཡམས་ཀྱིས་སྙིང་རྗེ་མེད་པའི་བཙན་འཛུལ་བྱས་ཏེ་ན་ཟུག་གིས་མལ་ཁྲིའི་ཐོག་འཕག་འཚག་བྱེད་དགོས་བྱུང་ཡང་། ཁ་ནས་འདོན་པ་སྔར་བཞིན་ཕ་རོལ་པོའི་བདེ་ཐང་ལ་སེམས་ཁུར་བྱེད་པའི་དྲོད་ལམ་ལམ་གྱི་སྙིང་གཏམ་འབའ་ཞིག་རེད། ཁོང་ལ་ཚབས་ཆེ་བའི་ཏོག་དབྱིབས་ཀྱི་ནད་དུག་འགོས་ཀྱང་། གཞན་གྱི་ཚེ་སྲོག་ལ་ཀུ་རེ་མེད་པར་ཁུ་སིམ་མེར་རང་འགུལ་གྱིས་བརྟག་དཔྱད་བྱེད་པ་ལས། ཕར་འགྲོ་ཚུར་འོང་གི་འགྲུལ་བཞུད་སྤངས་པ་དེ་ཅིས་མི་མཚར། ཁོང་གིས་མང་ཚོགས་གཞན་ལ་ནད་དུག་སྔོན་འགོག་གི་ཤེས་བྱ་རྒྱུད་སྤྲོད་བྱེད་ཆེད། རྐང་ནུས་དང་། མིག་ནུས། བསམ་ནུས་དང་འབྲི་ནུས་བཅས་ཀྱི་རྩོལ་བར་བརྟེན་ནས། མང་ཚོགས་ལ་དུས་ཐོག་ཏུ་ནད་དུག་སྔོན་འགོག་གི་ཤེས་བྱ་ངོ་སྤྲོད་གནང་བཞིན་འདུག ཁོང་གིས་ནད་ཡམས་རྒྱ་ཁྱབ་ཏུ་མི་འགྲོ་ཆེད། རྒྱུན་དུ་ཁ་རས་རྒྱག་པ་དང་། ལག་པ་ཡང་སེ་བཀྲུ་བ། སྒེའུ་ཁུང་ཕྱེ་ནས་ཁྱིམ་དུ་ཞུགས་པ་དང་། ཁོང་གིས་མི་མང་པོའི་བདེ་སྐྱིད་སླད་དུ་སྔར་བཞིན་ནད་ཡམས་དང་འཐབ་རྩོད་རྩེ་གཅིག་ཏུ་བྱས་ཏེ། ཁྱིམ་ཚང་ཁྲི་སྟོང་མང་པོར་དྲོད་ཁོལ་སྦྱིན་བཞིན་མི་འདུག་གམ། ཁོང་ཚོ་ནི་རང་རེ་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་བུ་ཕྲུག་སྟེ། ཕྱོགས་གཅིག་ལ་དཀའ་ངལ་འཕྲད་དུས། ཕྱོགས་བཞི་མཚམས་བརྒྱད་ནས་ཕྱར་བ་གྲུ་འདེགས་བྱེད་མཁན་གྱི་ཕུ་ནུ་མིང་སྲིང་ལྟ་བུའི་སྤུན་ཟླ་རེད། ཁོང་རྣམ་པའི་ཡིད་སེམས་འགུལ་བའི་སྦྱོར་བ་རེ་རེས། མི་ཁྲི་སྟོང་མང་པོར་སྟོབས་ཤུགས་གཅིག་སྒྲིལ་གྱི་སྤོབས་པ་བསྩལ་བ་དང་། ཁོང་རྣམ་པའི་རང་ལས་གཞན་གཅེས་ཀྱི་དུང་ལས་དཀར་བའི་ལྷག་བསམ་རེ་རེས། ང་ཚོར་བདེན་དགེ་མཛེས་གསུམ་གྱིས་ཕྱུག་པའི་མི་ཡུལ་གྱི་དྲོ་སྐྱིད་མྱོང་དུ་བཅུག ཁོང་ཚོ་ནི་བརྩེ་བ་མཚོ་ལས་ཟབ་ཅིང་སྙིང་སྟོབས་བྲག་ལས་བརྟན་པའི་དཔའ་བོ་རེ་རེ་སྟེ། མཐུན་སྒྲིལ་གྱི་ཨ་ལོང་གཅིག་ཏུ་བརྒྱུས་ཤིང་། ལག་གདང་དཔུང་གཤིབ་ངང་དཀའ་ངལ་མཐའ་དག་རྡོག་པས་བརྫིས་ཏེ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་པའི་ཀྲུང་གོའི་མི་དམངས་རེད། ཁོང་རྣམ་པས་ཐུན་མོང་གི་ཕུགས་འདུན་དང་རྨི་ལམ་གྱི་སླད་དུ། ནད་ཡམས་དང་། རང་བྱུང་གནོད་འཚེ། དབུལ་ཕོངས་སོགས་ཀྱི་དཀའ་ཚེགས་ཀྱི་ལོ་ཟླ་མང་པོར་ཕར་རྒོལ་བྱས་ཏེ་དེ་ལས་རྣམ་པར་རྒྱལ་བར་བྱེད་པ་དང་། སེམས་པ་སེམས་ཀྱིས་སྐྱོར་ནས་མི་ཡུལ་ལ་དྲོད་ཁོལ་གྱིས་བྱུར་བུར་གཏམས་པའི་ཚ་སོབ་སོབ་ཀྱི་གཏམ་རྒྱུད་ལྗིད་ཏིག་ཏིག་མང་པོ་རི་རབ་བཞིན་སྤུངས་ནས་བཞག་ཡོད་ཨང་།

ཁྱེད་རང་ཐུགས་སེམས་སྐྱོ་མི་དགོས། མེས་རྒྱལ་ཁྱིམ་ཚང་ཆེན་མོའི་བྱམས་བརྩེའི་དྲོད་ཁོལ་དང་། མང་ཚོགས་དུང་ཕྱུར་མང་པོའི་བཀའ་དྲིན་གྱིས། ཁྱེད་རང་ནམ་ཡང་གཅིག་པུར་ལུས་མི་སྲིད། ནད་དུག་ལ་སྙིང་རྗེ་མེད་ཀྱང་མི་ཡུལ་ལ་བརྩེ་སེམས་ཀྱིས་ཕྱུག་ཡོད་པས། ང་ཚོས་རང་འགན་གཙང་སྒྲུབ་ཀྱིས་ནད་དུག་དང་འཐབ་རྩོད་གནང་དང་། ང་ཚོའི་ཞུམ་པ་མེད་པའི་སྙིང་སྟོབས་དང་མདུན་སྐྱོད་ཀྱི་གོམ་སྟབས་རེ་རེས། མཐའ་མའི་རྒྱལ་ཁ་ང་ཚོར་དབང་བར་ཐེ་ཚོམ་ཅི། སྤུན་ཟླ་ལཌ། ཤུཌ་རྒྱོབ་དང་།