《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月09日

༄༅། །ཞིང་འབྲོག་མང་ཚོགས་ཚོར་སྤྲིངས་པའི་སྙིང་གཏམ།

རྒན་གོང་ཨོ་རྒྱན་རྡོ་རྗེ།

ཏོག་དབྱིབས་གློ་ཚད་གསར་པ། །

རྒྱལ་ཡོང་ཁྱོན་ལ་ཁྱབ་དུས། །

གོང་རིམ་བཀའ་ལ་ཉན་ནས། །

རང་ས་རང་གིས་སྲུང་རོགས། །

ཕྱོགས་ལ་གང་བྱུང་མ་ཕེབས། །

མི་མང་འདུ་འཛོམས་མ་གནང་། །

ནད་དུག་འཇིགས་པ་ཆེན་པོ། །

ག་ནས་འགོས་མིན་མི་ཤེས། །

ནད་དུག་འགོ་ཤུགས་ཆེ་བས། །

གང་བྱུང་འབྲེལ་འདྲིས་མ་གནང་། །

ཁྱེད་རང་བློ་ཁོག་ཆེ་ཡང་། །

ནད་ཀྱིས་ཐར་པ་མི་གཏོང་། །

བརྒྱ་ལོར་རྩ་ཆེན་ཡིན་ཡང་། །

ནད་དུག་ཡོད་སར་མ་འགྲོ། །

མི་ཆུང་གཏེ་པོ་གཅིག་གིས། །

ལུང་པ་ཡོང་རྫོགས་བརྫད་ཡོང་། །

གལ་སྲིད་འགྲོ་དགོས་བྱུང་ན། །

ཡིན་ཅིག་ཁ་རས་རྒྱག་རོགས། །

བར་དུ་བཟོས་པའི་ཁ་རས། །

ནད་དུག་འགོག་ནུས་མི་འདུག །

ཁ་རས་རྒྱག་ལུགས་རྒྱག་སྟངས། །

སྨན་པ་མང་པོས་གསུངས་སོང་། །

འདི་གར་མི་ཆུང་བདག་གིས། །

ཡང་བསྐྱར་ཤོད་དགོས་མི་འདུག །

ཡག་ཤོས་ནང་གི་ཡག་ཤོས། །

རང་གི་ཁྱིམ་དུ་བཞུགས་རོགས། །

རང་གི་ཁྱིམ་དུ་བཞུགས་ན། །

ནད་དུག་འགོས་དོགས་མི་འདུག །

ཁྱིམ་ལ་ཕྱག་ལས་མེད་ན། །

གཙང་སྦྲ་བྱས་ནས་བཞུགས་རོགས། །

གཙང་སྦྲ་བྱེད་རྒྱུ་མེད་ན། །

བརྙན་འཕྲིན་བལྟས་ནས་བཞུཌ་རོཌ། །

བརྙན་འཕྲིན་བལྟས་པའི་ནང་ནས། །

གསར་འགྱུར་མང་ཙམ་བལྟ་རོགས། །

གསར་འགྱུར་མང་ཙམ་བལྟས་ན། །

གང་དང་ཅི་ཡང་ཤེས་ཡོང་། །

ལུས་ལ་ནད་གཞི་ཕོག་པ། །

ཁ་ནས་འཛུལ་བ་ཡིན་འདུག །

ཁ་ཡི་ནང་ལ་སྐྱེལ་མཁན། །

ལག་པ་གཉིས་པོ་ཡིན་འདུག

དུས་དང་རྣམ་པ་ཀུན་ཏུ། །

ལག་པ་ཡང་ཡང་བཀྲུ་རོགས། །

ནད་གཞི་ཆེ་མིན་ཆུང་མིན། །

སྔོན་མོའི་ཆུ་ལ་བསྐྱུར་རོགས། །

“དབྱར་ཁ་འོང་ཁའི་དཀྱིལ་ལ། །

སྐྱེ་རྒྱུ་མང་པོ་སྐྱེས་ཡོང་། །

སྐྱེས་ཚད་ཞལ་ལ་མཆོད་ན། །

ནག་པོའི་དུག་དང་འཕྲད་ཡོང”

གོང་གསལ་རང་རེའི་དམངས་གཞས།།

ཐུགས་ཀྱི་གཏིང་ལ་ཞོག་རོགས། །

ལྟོགས་ཤི་ཐེབས་དོགས་མེད་ན། །

མིག་གིས་མཐོང་ཚད་མ་མཆོད། །

རི་དྭགས་ཤི་ཉེར་ཐུག་ཀྱང་། །

ལག་པ་གང་བྱུང་མ་རྒྱག །

ཁྱེད་རང་སྙིང་རྗེ་ཆེ་ཡང་། །

ནད་ལ་སྙིང་རྗེ་མིན་འདུག

འཚོ་བར་དཀའ་ངལ་ཡོད་ཀྱང་། །

གནས་སྐབས་ནང་དུ་བཞུགས་རོཌ། །

ནད་དུག་མཐའ་ལ་ཐོན་རྗེས། །

ག་པར་འགྲོ་ཡང་སོང་ཞིག །

ནང་ལ་ནད་པ་ཡོད་ན། །

སྨན་པ་དུས་ཐོག་བསྟེན་རོགས། །

ཏོག་དབྱིབས་ནད་ལ་ཞེད་ནས། །

དུས་མིན་འཆི་བ་ཐོན་ཡོང་། །

ཕྱུག་པོས་ཞལ་འདེབས་འབུལ་གྱིས། །

སྨན་པས་ནད་ལ་འཐབ་ཀྱིས། །

ཧུའུ་པེའི་ཝུའུ་ཧན་གཞུང་དུ། །

ནད་དུག་རྩ་མེད་གཏོང་གིས། །

ཐུགས་བློ་ལྷོད་ལྷོད་གནང་རོགས། །

སྲིད་གཞུང་བཀའ་ལ་ཉན་རོགས། །

སྲིད་གཞུང་བཀའ་ལ་ཉན་ནས། །

རང་གིས་ཡིད་གཟབ་གནང་རོགས། །

ཝུའུ་ཧན་ཤེད་ཤུགས་ཐོན་ཤོག །

བོད་ལྗོངས་རྡོག་རྩ་འགྲིལ་ཤོག །

ནད་དུག་རྩ་མེད་བཟོས་རྗེས། །

ང་ཚོ་སླར་ཡང་མཇལ་ཡོང་། །