《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月09日

2019ལོར་རང་ལྗོངས་སུ་ཁྲལ་རིན་གཉིས་གཅོག་སྒོར་དུང་ཕྱུར་48ལྷག་ཙམ་འཕར་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་ལྗོངས་ཡོངས་ཀྱི་ཁྲལ་དོན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རིམ་རྩིས་ལྟར་ན། 2019ལོར་རང་ལྗོངས་སུ་ཁྲལ་རིན་གཉིས་གཅོག་སྒོར་དུང་ཕྱུར་48ལྷག་ཙམ་གསར་འཕར་བྱུང་ནས་ཁྲལ་རིན་གཉིས་གཅོག་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད།

ཁྲལ་རིན་གཉིས་གཅོག་གི་ལས་དོན་སྤེལ་འགོ་ཚུགས་ཚུན། རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས“ཁྲལ་རིན་གཉིས་གཅོག་ནི་ཆབ་སྲིད་ཀྱི་ལས་འགན་དང་། ལྡོག་མེད་ཀྱི་ལས་འགན་ཞིག་ཡིན་པས”ལས་ཀའི་ཕྱོགས་སྟོན་དུ་བྱས་ནས། རིམ་ཁག་ཁྲལ་རིན་གཉིས་གཅོག་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་ཁྲལ་རིན་གཉིས་གཅོག་གི་བརྟག་ཞིབ་ལས་དོན་ནན་ཏན་སྤེལ་ནས་སྤྱི་ཚོགས་ཀྱི་དོ་ཁུར་བྱེད་ཡུལ་ལ་དུས་ཐོག་ཏུ་ལན་བཏབ་ཡོད་པ་རེད། དེ་དང་དུས་མཚུངས། རང་འགུལ་ངང་རིམ་ཁག་ས་གནས་ཏང་ཨུད་དང་སྲིད་གཞུང་ལ་ཁྲལ་རིན་གཉིས་གཅོག་ལས་དོན་གྱི་སྙན་སེང་ཐེངས་200ལྷག་ཙམ་ཞུས་པ་དང་། ཁྲལ་རིན་གཉིས་གཅོག་གི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་ཐེངས་120ལྷག་ཙམ་བྱས་པ་དང་འབྲེལ། བརྗོད་དོན་གཙོ་བོའི་སློབ་གསོ་གོ་སྐབས་སུ་བཟུང་ནས་ཁྲལ་འཇལ་མཁན་དང་རིན་སྤྲོད་མཁན་དང་དེ་བཞིན་ས་གནས་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ལ་བཅར་འདྲི་ཐེངས་1700ལྷག་ཙམ་བྱས་པ་དང་། བཞུགས་མོལ་ཚོགས་འདུ་སྣ་ཚོགས་ཐེངས་303འཚོགས་ནས་གནད་དོན་ཁག་2562ལ་ཞིབ་ལྟ་གཏིང་ཟབ་བྱས་པ་དང་། གནད་དོན་གསལ་ཐོ་བཟོས་ཏེ་རེ་རེ་བཞིན་དག་ཐེར་དོན་འཁྱོལ་བྱས་པ་རེད། དེའི་རིང་། རིམ་རྩིས་ལྟར་ན་ཕུགས་ལ་དོ་དམ་དང་རྩ་བ་བཅོས་སྒྲིག་གི་བྱ་ཐབས་ཁག་20ལྷག་ཙམ་བཏོན་ནས་ཁྲལ་འཇལ་མཁན་དང་རིན་སྤྲོད་མཁན་དང་གཞི་རིམ་ལས་བྱེད་པ་དང་ལས་བཟོའི་ཁྲོད་གླེང་མང་བའི་གནད་དོན་ཁག་གཅིག་ཐག་གཅོད་བྱས་པ་རེད།(པ་ཚེས་བསྒྱུར། པ་དཀོན་གྱིས་ཞུས)