《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月09日

ཧུའུ་པེ་ཤུགས་རྒྱོབ། བོད་ཀྱིས་ཁྱེད་དང་མཉམ་དུ་རིམས་ནད་ལ་ཁ་གཏད་བཅག་ཆོག

ལོ་མང་རིང་ཁ་གཏད་བོད་སྐྱོར་བྱས་པ་ལས་ཧུའུ་པེ་དང་བོད་ལྗོངས་གཉིས་དམ་པོར་སྦྲེལ་ནས་ཁྱིམ་ཚང་གཅིག་ལྟར་གྱི་བརྩེ་བ་ཟབ་མོ་ཆགས་ཡོད།

2020ལོའི་དཔྱིད་གསར་དུས་ཆེན་གོང་། ཝུའུ་ཧན་དུ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ཐོན་ནས་རྒྱལ་ཡོངས་ཀྱི་མི་ཚང་མའི་སེམས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་ཧུའུ་པེའི་ས་ཆ་མང་པོ་ཞིག་ལ་སྨན་བཅོས་འགོག་བཅོས་ཀྱི་དངོས་ཟོག་ཧ་ཅང་ཁ་ཐང་བར་གྱུར། ཡུལ་ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས། ཕྱོགས་བཞི་མཚམས་བརྒྱད་ཀྱིས་རོགས་སྐྱོར་བྱེད། གེགས་བར་གྱི་མདུན་དུ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཧུའུ་པེའི་ཝུའུ་ཧན་སོགས་རིམས་ནད་ཚབས་ལྕི་བའི་ས་ཁུལ་གྱི་མང་ཚོགས་ལ་སེམས་ཁུར་ཆེན་པོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་རམ་འདེགས་བྱས་ཡོད།

“ང་མིང་ཐོ་འགོད་མཁན་ཡིན”ཞེས་ལས་བཟོ་170ཡིས་རང་འགུལ་ངང་རེ་བ་ཞུས། དེ་ནི་ཟླ་1ཚེས་24ཉིན་བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དུ་ཐོན་པའི་མི་སེམས་འགུལ་བའི་རྣམ་པ་ཞིག་ཡིན། བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་ལ་ཞན་དབྱང་གྲོང་ཁྱེར་འཕྲལ་སྡོམ་བཀོད་འདོམས་ལྟེ་གནས་ཀྱི་བཀའ་འབྱོར་ནས་ནད་སྐྱོང་པ་གཅིག་ཝུའུ་ཧན་དུ་རོགས་སྐྱོར་བྱེད་པར་འགྲོ་དགོས་ཀྱི་ཡོད། བརྡ་ཐོ་འབྱོར་རྗེས་ཞོར་གཏོགས་སྨན་ཁང་གིས་འཕྲལ་དུ་ལས་བཟོ་ཡོངས་ལ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་གྲོས་འདོན་ཡི་གེ་བཀྲམ་ནས་དང་བླངས་ངང་མིང་ཐོ་འགོད་དུ་བཅུག་པས། ལས་བཟོ་170ཡིས་རང་འགུལ་ངང་མིང་ཐོ་བཀོད་དེ་ལས་སླ་ཤོས་ཀྱི་ཐོག་ནས་སྨན་དོན་མི་སྣའི་འགན་འཁྲི་མཚོན་པར་བྱས་ཡོད། བསམ་གཞིག་ཞིབ་ཚགས་དང་རིམ་པ་བཞིན་གདམ་གསེས་བྱས་པ་བརྒྱུད། བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གིས་མཐར་གཤགས་བཅོས་སྦྲིད་སྨན་ཚན་ཁག་གི་ནད་སྐྱོང་པ་རའོ་ཁུན་ཞན་དབྱང་གྲོང་ཁྱེར་གྱི་ཝུའུ་ཧན་ལ་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་ཁག་དང་པོ་དང་མཉམ་དུ་རིམས་ནད་འགོག་རྒོལ་གྱི་འཐབ་ས་དང་པོར་བསྐྱོད་ནས་བོད་ཀྱིས་ཝུའུ་ཧན་གྱི་རིམས་ནད་འགོག་རྒོལ་ལ་བཏང་བའི་མི་དང་པོར་གྱུར་པ་རེད།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) “བོད་ལ་དེ་སྔོན་རང་བྱུང་གནོད་འཚེ་ཐོན་སྐབས། ཧུའུ་པེ་མི་དམངས་ཀྱིས་རོགས་སྐྱོར་བྱེད་མྱོང་ཡོད། ད་ཆ་ང་ཚོས་དཔའ་ངར་ཆེ་སྐྱེད་ཀྱིས་ཁོང་ཚོར་རོགས་སྐྱོར་བྱེད་པའི་དུས་ལ་སླེབས་ཡོད”ཅེས་ཉེ་ཆར་གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་ཨུད་ཀྱི་ཧྲུའུ་ཅི་དོན་གྲུབ་ཀྱིས་ཧུའུ་པེ་་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ཝུའུ་ཁྲང་ཆུས་སྲིད་གཞུང་ལ་གློག་འཕྲིན་བཏང་ནས་འཚམས་འདྲི་ཞུས་པ་རེད། གཞན་ཡང་གཉའ་ནང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཝུའུ་ཁྲང་ཆུས་ལ་དངུལ་སྨར་སྒོར་ཁྲི་50དང་བོད་ནས་བཟོས་པའི་རིམས་འགོག་སྨན་རྫས་ཁག་གཅིག་ཞལ་འདེབས་བརྒྱབ་པ་རེད།

བོད་ཀྱི་ལྷོ་ནུབ་མཐའ་མཚམས་སུ་ཆགས་པ་དང་། ལྷོ་ནེ་པ་ལ་དང་ཁྱིམ་མཚེས་ཡིན་པའི་གཉའ་ནང་རྫོང་དུ་བོད་སྨན་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། 2015ལོའི་ཟླ་4ཚེས་25ཉིན་དང་ཟླ་5ཚེས་12ཉིན། ནེ་པ་ལར་སྔ་རྗེས་སུ་ས་ཡོམ་རིམ་པ་8.1དང་7.5བརྒྱབ་ནས་རྫོང་དེར་གནོད་འཚེ་ཚབས་ཆེན་ཕོག་ཡོད། ཝུའུ་ཁྲང་ཆུས་སྲིད་གཞུང་གིས་གནས་ཚུལ་དེ་ཤེས་རྗེས། རང་འགུལ་ངང་གཉའ་ནང་རྫོང་དང་འབྲེལ་བ་བྱས་པ་དང་འབྲེལ། རོགས་སྐྱོར་དངུལ་ཡང་སྤྲད་ནས་གེགས་རྗེས་བསྐྱར་སྐྲུན་དང་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱས་ཡོད།

“ས་ཡོམ་དེ་ལས་གཉའ་ནང་རྫོང་དང་ཝུའུ་ཁྲང་ཆུས་དབར་བརྩེ་བ་ཟབ་མོ་ཞིག་ཆགས་ཡོད། མ་གཞི་བྱས་ན་གཉའ་ནང་རྫོང་ཝུའུ་ཁྲང་ཆུས་དང་རྒྱང་ཐག་རིང་པོ་ཆོད་ཀྱང་། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཝུའུ་ཁྲང་ཆུས་སེམས་གཏིང་དུ་བཞག་ཡོད། ད་ཐེངས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ཐོན་རྗེས། གཉའ་ནང་བ་ཁྲི་2ལྷག་ཙམ་གྱིས་ཝུའུ་ཁྲང་ཆུས་ལ་རོགས་རམ་བྱེད་འདོད་ཆེན་པོ”ཡོད་ཅེས་དོན་གྲུབ་ཀྱིས་བཤད། དེ་ནས་གཉའ་ནང་རྫོང་གིས་ཝུའུ་ཁྲང་ཆུས་ཀྱི་གནས་ཚུལ་ལ་གཞིགས་ནས་དགེ་སྒྲུབ་སྒྲིག་གཞི་བརྒྱུད་དེ་དངུལ་སྨར་ཞལ་འདེབས་བརྒྱབ་པ་དང་འབྲེལ། གྲབས་གསོག་བྱས་པའི་དངུལ་ནས་ཁག་གཅིག་བཏོན་ཏེ་རིམས་ནད་སྔོན་འགོག་གི་བོད་སྨན་བཟོ་བར་སྤྱད་པ་རེད།

དེ་དང་ཆབས་ཅིག རང་ལྗོངས་ཀྱི་བོད་ལུགས་གསོ་རིག་ཁེ་ལས་བོད་ལྗོངས་ཆེས་བྲིན་བོད་སྨན་ཚོགས་པས་ཀྱང་སྒོར་ཁྲི་50ཙམ་རི་བའི་བོད་སྨན་སྒམ་320ཞལ་འདེབས་བརྒྱབ་སྟེ། བྱ་སྤྱོད་ངོ་མའི་ཐོག་ནས་ཏོག་དབྱིབས་ནད་དུག་གསར་པས་བསླབས་པའི་གློ་ཚད་རིམས་ནད་འགོག་རྒོལ་གྱི་ལས་དོན་ལ་རྒྱབ་སྐྱོར་བྱས་པ་རེད། མིག་སྔར་བོད་སྨན་དེ་དག་ཝུའུ་ཧན་དུ་མགྱོགས་མྱུར་གཏོང་བཞིན་ཡོད་པ་རེད།

རིམས་ནད་ཀྱི་མདུན་དུ་ཚང་མ་ཁྱིམ་ཚང་གཅིག་ལྟར་ཡིན་པ་དང་། ནད་དུག་ནི་ང་ཚོའི་ཐུན་མོང་གི་དགྲ་བོ་ཡིན། ཧུའུ་པེ་ཁེར་རྐྱང་དུ་ལུས་མེད། ང་ཚོས་ཁྱེད་དང་མཉམ་དུ་ད་ཐེངས་ཀྱི་རིམས་ནད་ལ་ཁ་གཏད་གཅོག་སྲིད།