《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月07日

རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན།

འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་གཙོ་བོ།

འཐུས་མི་རྣམ་པ།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་བཀའ་མངགས་ལྟར། ངས་ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་གནང་།

2019ལོར་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ།“འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། གོང་འཕེལ་དང་། བརྟན་ལྷིང་། སྐྱེ་ཁམས་བཅས་དོན་ཆེན་གསུམ་ལ་དམ་པོར་དམིགས་པ། རང་འགུལ་ངང་ཐེག་པ་ཁུར་ལེན་དང་བྱས་རྗེས་འཇོག་པ། ཁྲིམས་བཞིན་འགན་འཁྲི་སྒྲུབ་པ་བཅས་བྱས་ནས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་བྱས་ཡོད།

ལོ་གཅིག་རིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཁྱོན་ཐེངས་7འཚོགས་ནས་ཁྲིམས་སྲོལ་ཁག་13ལ་གྲོས་ཞིབ་བྱས་པ་དང་། ཆེད་དོན་ལས་དོན་སྙན་ཞུ་ཁག་18ཉན་པ་དང་གྲོས་ཞིབ་བྱས་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་ཁག་4ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པ། ཆེད་དོན་བརྟག་ཞིབ་ཐེངས་6བྱས་པ། གྲོས་ཆོད་དང་གཏན་འབེབས་ཁག་19བཟོས་པ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣ་མི་ཐེངས་79ཁྲིམས་བཞིན་བསྐོ་འཐེན་བྱས་པ། མི་ཐེངས་11ཁྲིམས་བཞིན་སྒྲིག་འཛུགས་བྱས་ནས་རྩ་ཁྲིམས་ཀྱི་མདུན་ལ་དམ་བཅའ་ཐེངས་5བཞག་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བཅའ་ཁྲིམས་འཆར་ཟིན་ཐད་ཀྱི་བསམ་འཆར་བསྡུ་ལེན་ལས་དོན་ཁག་38སྒྲིག་འཛུགས་ལེགས་སྒྲུབ་བྱས་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བཀའ་མངགས་ལྟར་ཁྲིམས་འཛིན་ཞིབ་བཤེར་ཁག་3བྱེད་རྒྱུར་གཞོགས་འདེགས་བྱས་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལྟ་ཞིབ་བརྟག་ཞིབ་ཐེངས་6སྒྲིག་འཛུགས་བྱས་པར་མི་ཐེངས་38ཞུགས་ཡོད།

གཅིག ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་དགོངས་ཚུལ་དང་མི་དམངས་ཀྱི་འདོད་བློ་ཚད་མཐོའི་གཅིག་གྱུར་ཡོང་བའི་འགན་ལེན་བྱས་པ།

ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་རྒྱུ་ནི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ངོ་བོའི་ཁྱད་ཆོས་དང་ཆབ་སྲིད་ཀྱི་ལེགས་ཆའི་གཅིག་སྡུད་མཚོན་ཚུལ་ཞིག་ཡིན། མི་དམངས་འཐུས་ཚོགས་ནི་ཏང་གི་འགོ་ཁྲིད་འོག་གི་ཆབ་སྲིད་ལས་ཁུངས་ཤིག་ཡིན་པའི་ངེས་གནས་དེར་ང་ཚོས་དམ་པོར་བསྟུན་ཏེ། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་པ་མ་ཟད། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་ཁྲིམས་བཀོད་གོ་རིམ་བརྒྱུད། ཏང་གི་དགོངས་ཚུལ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་འདོད་བློར་འགྱུར་བ་བྱས་ཡོད།

(གཅིག)ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་མཐའ་འཁྱོངས་བྱེད་རྒྱུ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་སྐོར་གྱི་གལ་ཆེའི་དགོངས་པ་དང་། ས་གནས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན། དེ་བཞིན་མཐའ་སྐྱོང་བོད་བརྟན་སྐོར་གྱི་གལ་ཆེའི་རྣམ་བཤད་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གལ་ཆེའི་གསུང་བཤད་དང་། ཀྲུང་དབྱང་གི་གལ་ཆེའི་ཚོགས་འདུ་དང་ཡིག་ཆའི་དགོངས་དོན། ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་བཅས་དྲིལ་བསྒྲགས་སློབ་སྦྱོང་བྱས་པ་དང་། ལྷག་པར་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དེ་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཚོགས་འདུ་དང་། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ། ཀྲུའུ་རེན་གྱི་ཚོགས་འདུ་བཅས་ཀྱི་གལ་ཆེའི་གྲོས་རིམ་ནང་བཅུག་སྟེ་ལག་བསྟར་ནན་ཏན་དང་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཤིང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱས་པ། ལས་དོན་ལ་སྐུལ་འདེད་བཏང་ཡོད།

(པར་ངོས་དྲུག་པར་གཟིགས)

(པར་ངོས་དང་པོར་མཐུད)ལོ་ཧྲིལ་པོར་གཅིག་སྡུད་སློབ་སྦྱོང་ཐེངས་25དང་ཆེད་དོན་ཞིབ་གྲོས་ཐེངས་11བྱས་པ་དང་། རྒྱལ་ཡོངས་ཀྱི་གྲགས་ཅན་རིགས་གཅིག་མཁས་ཅན་དང་མཁས་དབང་གདན་ཞུ་བྱས་ནས“བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱི་གླེང་སྟེགས”ཐེངས་5གཉེར་ཡོད།

(གཉིས)“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”གཙོ་དོན་སློབ་གསོ་ཏན་ཏིག་སྤེལ་བ། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། ང་ཚོས་རྩ་བའི་ལས་འགན་ལ་དམིགས་པ་དང་། གཙོ་དོན་དང་གཙོ་རྐང་ལ་དམ་པོར་བརྟེན་ནས“ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན་བྱེད་པ”བཅས་ཀྱི་སྤྱིའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་པ་མ་ཟད། དམིགས་ཚད་ལས་འགན་ལ་དམིགས་ཏེ། སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག གནད་དོན་ལྟ་བཤེར། དག་ཐེར་དོན་འཁྱོལ་བཅས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱས་ཡོད། དེ་བཞིན་ལྟ་བསྡུར་ཞིབ་བཤེར་གཏིང་ཟབ་དང་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ནས་ཆེད་དོན་བཅོས་སྒྲིག་གི་ལས་ཀའི་ཇུས་གཞི་ཁག་12གྲུབ་པ་དང་དག་ཐེར་བྱ་ཐབས་ཁག་37བཟོས་པ་མ་ཟད། དོན་འཁྱོལ་ལ་དམ་འཛིན་བྱས་པར་བརྟེན། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཤུགས་ཆེར་སོང་ཡོད།

(གསུམ)ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་ཏེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་སྐུལ་སྤེལ་བཏང་བ་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཡོད། ལྟེ་བ་དང་སྤྱི་ཡོངས་ལ་དམ་པོར་དམིགས་ནས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་པ་དང་སྦྲགས། དབུལ་སྒྲོལ་འགག་སྒྲོལ་དང་། སྦགས་བཙོག་འགོག་བཅོས། ཉེན་ཁ་འགོག་ཟོན་བཅས་ཀྱི་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་རྒྱུའི་ཐད་ཤུགས་བརྒྱབ་པ་དང་། གལ་ཆེའི་བསམ་འཆར་དང་གྲོས་འགོ་མང་དག་ཅིག་བཏོན་ཡོད། ལྗོངས་ཏང་ཨུད་ལ་གལ་ཆེའི་དོན་གནད་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཁྲིམས་འཛུགས་དང་། ལྟ་སྐུལ། གཏན་འབེབས། མི་སྣ་བསྐོ་འཐེན་སོགས་ཐད་ཀྱི་དགོངས་སྐོར་དང་། སྙན་སེང་། ཐོ་འགོད་བཅས་ཀྱི་དོན་གནད་ཁག་23གྱི་གསལ་ཐོ་དང་ལས་ཀའི་གོ་རིམ་ཁ་གསལ་བཟོས་ཤིང་། མི་དམངས་འཐུས་ཚོགས་ཀྱི་གལ་ཆེའི་དོན་གནད་དང་། གལ་ཆེའི་ལས་དོན། གལ་ཆེའི་ཚོགས་འདུ། གལ་ཆེའི་བྱེད་སྒོ་སོགས་དུས་ཐོག་ཏུ་ལྗོངས་ཏང་ཨུད་ལ་དགོངས་སྐོར་སྙན་སེང་ཞུས་ཡོད། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་མི་དོན་བསྐོ་འཐེན་གྱི་ལས་དོན་ཁྲིམས་བཞིན་ཡག་པོ་བསྒྲུབས་པས་ལྗོངས་ཏང་ཨུད་ཀྱིས་མི་དོན་བཀོད་སྒྲིག་བྱེད་པའི་དགོངས་འདུན་ལམ་ལྷོངས་བྱུང་ཡོད།

(བཞི)མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་བོད་དུ་ལག་ལེན་བསྟར་ཚུལ་དྲིལ་བསྒྲགས་ཤུགས་ཆེན་བྱས་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ས་གནས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་བཙུགས་ནས་ལོ་ངོ་40འཁོར་བར་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཆེད་མངགས་བཀའ་མཆན་གནང་སྟེ་ལོ་ངོ་40རིང་ཐོབ་པའི་མངོན་ཆེའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་སྦྲགས། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད། ང་ཚོས་མི་རིགས་ཁག་དང་ལས་རིགས་ཁག་གི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། རིགས་གཞུང་རྩོམ་ཡིག་བྲིས་པ། 《དམངས་ཆེད་འགན་སྒྲུབ》ཀྱི་བརྙན་འཕྲིན་པར་གཞི་བཟོ་སྒྲིག་བྱས་ཏེ་ལོ་40རིང་ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་ཡོད་ལ། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་བྱས་ནས་བོད་དུ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ལག་ལེན་བསྟར་ཚུལ་དྲིལ་བསྒྲགས་ཤུགས་ཆེན་བྱས་པར་བརྟེན། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཀྱི་ཤུགས་ཆེའི་སྐྱེ་སྟོབས་ནུས་པ་དང་མངོན་ཆེའི་ཁྱད་འཕགས་རང་བཞིན་གང་ལེགས་མངོན་པ་དང་། རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ལ་སྤྱི་ཚོགས་ཡོངས་ཀྱིས་ཡིད་ཆེས་བྱེད་ཤུགས་ཇེ་ཆེར་སོང་ཡོད།

(ལྔ)རང་རྟོགས་ངང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་བ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ཏེ་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པར་འཛིན་པའི་ཀྲུང་དབྱང་གི་མཛད་ཕྱོགས་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཤིང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་རྒྱུ་དེ་འགན་འཁྲི་ཨང་དང་པོར་བརྩིས་ནས་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་བཏང་བ་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ཡོད་ལ། བརྟན་ལྷིང་སྲུང་སྐྱོང་བྱེད་པའི་བྱ་ཐབས་དོན་འཁྱོལ་བྱས་ཏེ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཀྱིས་ས་གནས་གྲོང་ཁྱེར་ཁག་དང་། འབྲེལ་གཏུག་བྱ་ཡུལ། གཙོ་གནད་དགོན་སྡེ་བཅས་སུ་ཟབ་བསྐྱོད་བྱས་ཏེ་སེམས་ཐག་གཙང་བཅད་ཀྱིས་བརྟན་ལྷིང་སྲུང་སྐྱོང་ལ་ལྟ་སྐུལ་བྱེད་པའི་ལས་འགན་ལེགས་སྒྲུབ་བྱས་པ་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱས་ནས་དར་ཆ་གསལ་སྟོན་གྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་བེད་སྤྱད་དེ་བཟོས་པའི་ཤུགས་རྐྱེན་ངན་པ་གཙང་སེལ་བྱས་ཐོག མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ། དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱས་ཡོད། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་རང་ཉིད་ཀྱི་ལས་ཐོག་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་འབྲེལ་ཡོད་ཁུལ་ཁོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབས་ནས་རང་ལྗོངས་ཞི་མཐུན་བརྟན་ལྷིང་ཡོང་བར་ལེགས་སྐྱེས་ཕུལ་ཡོད།

གཉིས། ཐོག་མའི་དམིགས་ས་དང་དོན་ལ་འབབ་སར་དམ་པོར་དམིགས་ཏེ་གལ་ཆེའི་ཁུལ་ཁོངས་ཀྱི་ཁྲིམས་འཛུགས་ཐད་ཡར་རྒྱས་གསར་པ་བྱུང་བ།

ང་ཚོས་ལྗོངས་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་འཐབ་ཇུས་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ལ་དམ་པོར་དམིགས་ཏེ་ཕྱོགས་ཡོངས་ནས་ཁྲིམས་བཞིན་བོད་ལྗོངས་སྐྱོང་བའི་དུས་བབ་གསར་པ་དང་བླང་བྱ་གསར་པར་རང་འགུལ་ངང་འཚམ་ཐབས་བྱས་ཤིང་། དོན་དངོས་དང་ཟུང་འབྲེལ་གྱིས་ས་གནས་ཁྲིམས་འཛུགས་ལས་དོན་ལ་སྐུལ་སྤེལ་བཏང་བ་དང་། བསྒྱུར་འཕེལ་བརྟན་གསུམ་ལ་རམ་འདེགས་བྱས་ཡོད།

(གཅིག)ནུས་ཤུགས་ཡོད་རྒུས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྲིམས་བཟོའི་ལས་དོན་ཡག་པོ་བསྒྲུབས་པ། ཐེངས་འདིའི་ཚོགས་འདུར་གྲོས་ཞིབ་ལ་ཕུལ་བའི《བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུའི་སྲོལ་ཡིག(འཆར་ཟིན)》དེ་ནི་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་གཞི་ཚུགས་ཏེ་གཏན་འཁེལ་བྱས་པའི་ཁྲིམས་བཟོའི་རྣམ་གྲངས་གལ་ཆེན་ཞིག་ཡིན་པས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཆེད་དོན་ཞིབ་འཇུག་བྱས་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་ཨུད་ཀྱིས་འགོ་ཁྲིད་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱིས་གཙོ་ཁྲིད་བྱེད་པ། སྲིད་གཞུང་ལ་བརྟེན་པ། ཕྱོགས་ཁག་ཞུགས་པ་བཅས་ཀྱི་ཁྲིམས་བཟོའི་ལས་རྣམ་མཐའ་འཁྱོངས་བྱས་ཐོག ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་བ་དང་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ་དང་སྦྲགས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྣམས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཐད་ཐོབ་པའི་གལ་ཆེའི་རིགས་གཞུང་གི་གྲུབ་འབྲས་དང་། ལག་ལེན་གྱི་གྲུབ་འབྲས། ལམ་ལུགས་ཀྱི་གྲུབ་འབྲས་བཅས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལ་འགྱུར་བར་བྱས་ཤིང་། ཁྲིམས་སྐྱོང་གི་ཐབས་ལམ་ཐོག་ནས་མི་རིགས་ལས་དོན་ལ་བཅོས་སྐྱོང་བྱས་ཏེ་བོད་ལྗོངས་འདི་ཉིད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་ཞིག་ཏུ་འཛུགས་སྐྱོང་ཧུར་ཐག་བྱས་ཡོད།

ང་ཚོས་ཚན་རིག་ལ་བརྟེན་ནས་ཁྲིམས་བཟོ་བ་དང་། དམངས་གཙོར་བརྟེན་ནས་ཁྲིམས་བཟོ་བ། ཁྲིམས་ལ་བརྟེན་ནས་ཁྲིམས་བཟོ་བ་བཅས་མཐའ་འཁྱོངས་བྱས་ཏེ་འགོ་ཁྲིད་ཚོགས་ཆུང་དང་ལས་དོན་ཆེད་སྒྲུབ་ཚོགས་ཆུང་བཙུགས་པ་མ་ཟད། ཀྲུང་དབྱང་པུའུ་ཨུད་དང་ཚན་ཞིབ་སློབ་གླིང་སོགས་ཚན་པ་ཁག་40ཡི་འགོ་ཁྲིད་དང་། རིགས་གཅིག་་ཅན། མཁས་དབང་བཅས་མི་ཐེངས་140གདན་ཞུ་བྱས་ནས་ཆེད་དོན་བློ་འདྲི་དང་། ཞིབ་གྲོས། རིགས་པས་ཁུངས་སྐྱེལ་བཅས་བྱས་པ་དང་། སྤུན་ཟླའི་ཞིང་ལྗོངས་དང་གྲོང་ཁྱེར་ཁག་གི་བྱེད་ཐབས་བཟང་པོ་དཔྱད་གཞིར་བཟུང་ནས། བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་རུབ་བྱས་ཡོད། ཁྱོན་བཟོ་བཅོས་བསམ་འཆར་ཁག་1424བསྡུ་རུབ་བྱས་ཏེ། སྔ་རྗེས་སུ་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཚོགས་འདུ་དང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་5དང་། ཀྲུའུ་རེན་གྱི་ཚོཌ་འདུ་ཐེངས་7འཚོགས་ནས་ཞིབ་འཇུག་བྱས་པ་དང་། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་3འཚོགས་ནས་གྲོས་ཞིབ་བྱས་པ་བརྒྱུད། ཐེངས་འདིའི་ཚོགས་འདུར་གྲོས་ཞིབ་ལ་འབུལ་རྒྱུའི་འཆར་ཟིན་གྱི་མ་ཟིན་གྲུབ་ཡོད། ཐེངས་འདིའི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་བཟོའི་ལས་དོན་ལ་མཐོང་ཆེན་བྱེད་ཚད་དང་། ཞུགས་རྒྱ། བསམ་འཆར་བསྡུ་ལེན་བྱེད་ཚད་བཅས་དེ་སྔ་བྱུང་མྱོང་མེད་པ་ཞིག་ཡིན། འཐུས་མི་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱས་པར་བརྟེན་ནས་གལ་ཆེའི་ཁྲིམས་བཟོའི་ལས་འགན་དེ་བདེ་བླག་ངང་ལེགས་གྲུབ་ཡོང་བར་ཡིད་ཆེས་བརྟན་པོ་ཡོད།

(གཉིས)ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཐད་ཀྱི་འབྲེལ་ཡོད་ཁྲིམས་བཟོའི་ལས་དོན་ལ་སྐུལ་སྤེལ་ཏན་ཏིག་བཏང་བ། ལྗོངས་ཏང་ཨུད་ཀྱིས་ཆོག་མཆན་གནང་བའི་2019ལོ་འཁོར་གྱི་ཁྲིམས་བཟོའི་འཆར་གཞི་ལག་བསྟར་ནན་ཏན་བྱས་ཤིང་། བཟོ་བཅོས་དོར་འགྲེལ་བཞི་མཉམ་དུ་དམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཐོ་འགོད་དང་། ཟིན་འགོད། གྲོས་ཞིབ་བཅས་ཀྱི་གཙོ་ཁྲིད་ནུས་པ་ཤུགས་ཆེར་བཏང་བ་དང་སྦྲགས། ཁྲིམས་བཟོའི་སྣེ་ཁྲིད་དང་། ཚད་ལྡན། སྐུལ་སྤེལ། འགན་སྲུང་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད། རང་ལྗོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ས་ཞིང་རྒྱ་ཁྱོན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་སོགས་ཀྱི་གནས་ཚུལ་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ནས་རང་ལྗོངས་ཀྱི་དོན་དངོས་དང་འཚམ་པའི་ས་ཞིང་བཟུང་སྤྱོད་ཀྱི་དཔྱ་ཁྲལ་བཅད་གྲངས་གཏན་འཁེལ་བཟོས་ཡོད། རང་འགུལ་ངང་རང་སྐྱོང་ལྗོངས་ཀྱི་ལས་ཁུངས་བསྒྱུར་བཅོས་དང་འཚམ་པ་བྱས་ཏེ་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་བཞིན་འགན་འཁྲི་བསྒྲུབ་རྒྱུར་འགན་ལེན་བྱས་པ་མ་ཟད། ཚན་རྩལ་ཁྱབ་གདལ་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་8ལ་སྡེབ་གཅིག་ཏུ་བཟོ་བཅོས་བརྒྱབ་ཡོད། ཁྲིམས་ལུགས་གཅིག་གྱུར་ལ་སྲུང་སྐྱོང་ཏན་ཏིག་བྱས་ནས་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་སྲོལ་ཡིག་ལ་བཟོ་བཅོས་བརྒྱབ་པ་དང་། ད་ལྟ་སྤྱོད་མུས་ཀྱི་གོ་ཆོད་ཁྲིམས་སྲོལ་ནང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་དང་འབྲེལ་བ་ཡོད་པའི་ནང་དོན་ལ་ཕྱོགས་ཡོངས་ནས་གཙང་བཤེར་བྱས་ཡོད། གཞན་ཡང་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་ཚད་གཞི་ནན་པོ་བསྲུངས་ནས་ཆུད་བཙུགས་པའི་གྲོང་ཁྱེར་གྱིས་ཆོག་མཆན་གནང་རེ་ཞུས་པའི་ཁྲིམས་སྲོལ་ཁག་9ལ་ཁྲིམས་བཞིན་ཆོག་མཆན་སྤྲད་ཡོད།

(གསུམ)ཁྲིམས་བཟོའི་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་བ། ཁྲིམས་སྲོལ་འཆར་ཟིན་སྐོར་གྱི་བསམ་འཆར་བསྡུ་ལེན་དང་། ཁྲིམས་བཟོར་ཚོད་སྐོར། ཁྲིམས་བཟོར་གྲོས་མོལ་བཅས་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ། སྤྱི་དམངས་ཁྲིམས་བཟོར་གོ་རིམ་ལྡན་པའི་ངང་ཞུགས་པའི་ཐབས་ལམ་ཟམ་མི་ཆད་པར་རྒྱ་ཆེར་བཏང་ཡོད། ཁྲིམས་བཟོའི་ཆ་འཕྲིན་ལ་དོ་དམ་བྱེད་པའི་ལས་སྟེགས་ལ་བརྟེན་ནས་གཞི་རིམ་གྱི་ཁྲིམས་བཟོའི་འབྲེལ་གཏུག་བྱེད་གནས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་པ་དང་། ཁྲིམས་བཟོའི་བློ་འདྲིའི་རིགས་གཅིག་མཁས་ཅན་གྱི་ཐོ་མཛོད་འཐུས་སྒོ་ཚང་དུ་བཏང་བ་དང་སྦྲགས། ཁྲིམས་བཟོའི་ལས་དོན་ཚན་རིག་ཅན་དང་ཚད་ལྡན་ཅན་དུ་གྱུར་ཚད་མཐོ་རུ་བཏང་ཡོད།

གསུམ། མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ཏེ་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་བ།

ཁྲིམས་བཞིན་ལྟ་སྐུལ་དང་། ལྟ་སྐུལ་ཡང་དག ལྟ་སྐུལ་ནུས་ལྡན་བཅས་མཐའ་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་། དེ་བཞིན་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་ལ་སྐུལ་སྤེལ་ཧུར་ཐག་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱས་ཡོད།

(གཅིག)གོང་འཕེལ་གྱི་བསམ་གཞི་གསར་པར་དམིགས་ཏེ་སྤུས་ཚད་མཐོ་བའི་དཔལ་འབྱོར་གོང་འཕེལ་གཏོང་བར་རམ་འདེགས་བྱས་པ། རང་སྐྱོང་ལྗོངས་ཀྱི་2019ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུ་དང་། 2018ལོ་འཁོར་གྱི་རང་སྐྱོང་ལྗོངས་རིམ་པ་དེ་གའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་ནོར་སྲིད་གཏོང་ཡོང་གཞན་དག་གི་གནས་ཚུལ་ལ་རྩིས་བཤེར་བྱས་པའི་ལས་དོན་སྙན་ཞུར་ཉན་འཇོག་དང་གྲོས་ཞིབ་བྱས་ཤིང་། ནོར་སྲིད་ངེས་རྩིས་དང་སྔོན་རྩིས་ལ་ལེགས་སྒྲིག་བྱ་རྒྱུའི་ཇུས་གཞིར་ཆོག་མཆན་སྤྲད་པ་མ་ཟད། ཁྲིམས་བཞིན་གྲོས་ཆོད་ལ་གཏན་འབེབས་བྱས་ཡོད། རྩིས་བཤེར་བྱས་ནས་རྩད་ཆོད་ཐུབ་པའི་གནད་དོན་དག་ཐེར་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུ་དང་། གཙོ་གནད་སྡེ་ཚན་གྱི་ཆེད་དོན་སྙན་ཞུ། 2018ལོ་འཁོར་གྱི་གཞུང་ཁོངས་རྒྱུ་ནོར་དོ་དམ་བྱས་ཚུལ་གྱི་ཕྱོགས་བསྡུས་སྙན་ཞུ་བཅས་ལ་ཉན་འཇོག་དང་གྲོས་ཞིབ་བྱས་ཤིང་། རང་སྐྱོང་ལྗོངས་དངུལ་རྩའི་ཁེ་ལས་ཀྱི་གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱས་ཚུལ་གྱི་ཆེད་དོན་སྙན་ཞུ་ཐེངས་དང་པོ་ཉན་པ་དང་། རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཚན་གྱིས་ས་གནས་སྲིད་གཞུང་རང་བཞིན་གྱི་བུ་ལོན་ལ་དོ་དམ་བྱས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུར་ཉན་འཇོག་བྱས་ཡོད། མི་དམངས་འཐུས་ཚོགས་ཀྱིས་སྔོན་རྩིས་ལ་ཞིབ་བཤེར་དང་ལྟ་སྐུལ་བྱེད་པའི་གཙོ་གནད་དེ་གཏོང་སྒོའི་སྔོན་རྩིས་དང་སྲིད་ཇུས་ཁྱབ་སྐྱེད་གཏོང་རྒྱུའི་ལག་བསྟར་བསམ་འཆར་བཟོས་ནས་རང་སྐྱོང་ལྗོངས་ཀྱི་སྔོན་རྩིས་ཞིབ་བཤེར་དང་ལྟ་སྐུལ་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད། དཔལ་འབྱོར་འཁོར་རྒྱུག་གི་གནས་ཚུལ་དང་། སྔོན་རྩིས་ལག་བསྟར་བྱས་ཚུལ། གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱས་ཚུལ་སོགས་ལ་ཆེད་དོན་བརྟག་ཞིབ་བྱས་ཡོད།

(གཉིས)དམངས་འཚོ་ལེགས་བཅོས་ལ་དམིགས་ཏེ་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བའི་དགོས་མཁོ་བསྐོང་རྒྱུར་རམ་འདེགས་བྱས་པ། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་མུ་མཐུད་མཐོང་ཆེན་བྱས་ཏེ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་གནས་ཚུལ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུལ་ཐད་ཆེད་དོན་བརྟག་ཞིབ་བྱས་ཡོད། ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་དང་དེའི་ལག་བསྟར་བྱ་ཐབས་ལ་ཁྲིམས་འཛིན་ཞིབ་བཤེར་བྱས་ཏེ། ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་གནས་ཚུལ་ལ་ཆེད་དོན་བརྟག་ཞིབ་བྱས་ཡོད། འོས་འགན་སློབ་གསོ་དོ་སྙོམས་ངང་གོང་འཕེལ་གཏོང་ཕྱོགས་སྐོར་གྱི་སྙན་ཞུ་ཉན་འཇོག་དང་གྲོས་ཞིབ་བྱས་པ་མ་ཟད། ཆེད་དོན་འདྲི་རྩད་བྱས་ཡོད། གཞན་ཡང་གཞི་རིམ་གྱི་སྨན་བཅོས་དཔུང་ཁག་འཛུགས་སྐྱོང་བྱས་ཚུལ་ལ་ཆེད་དོན་བརྟག་ཞིབ་བྱས་པའི་ཐོག མཐའ་མཚམས་འཛུགས་སྐྲུན་གྱི་ཆེད་དོན་བརྟག་དཔྱད་སྙན་ཞུ་དང་། འགོས་ནད་འགོག་བཅོས་ཀྱི་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུ། ལྗོངས་ཡོངས་ཀྱི་འགོས་ནད་འགོག་བཅོས་ཀྱི་ལས་དོན་སྙན་ཞུ་བཅས་ཀྱི་གྲོས་ཞིབ་བསམ་འཆར་དོན་འཁྱོལ་བྱས་ཚུལ་ལ་མཇུག་འདེད་ཞིབ་བཤེར་བྱས་ནས་དམངས་གཙོའི་ཁྱབ་ཁོངས་ཐད་ཀྱི་གླེང་ཆ་ཆེ་བ་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུར་སྐུལ་སྤེལ་བཏང་ཡོད།

(གསུམ)ཁྲིམས་འཛིན་གཞུང་དྲང་ལ་དམིགས་ཏེ་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་ལ་རམ་འདེགས་བྱས་པ། མཉམ་སྐྲུན་དང་། མཉམ་སྐྱོང་། མཉམ་སྤྱོད་བཅས་བྱེད་པའི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བར་དམ་པོར་དམིགས་ཏེ་ནན་པོ་དང་། ཚད་ལྡན། གཞུང་དྲང་། ཡ་རབས་བཅས་ཀྱི་ཐོག་ནས་ཁྲིམས་འཛིན་བྱེད་པར་སྐུལ་སྤེལ་བཏང་ཡོད། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི“ལག་བསྟར་བྱེད་དཀའ་བའི་གནད་དོན་གཞི་རྩའི་ཆར་ཐག་གཅོད་བྱེད་པའི”ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུ་དང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་སྤྱི་ཕན་གཏུག་བཤེར་སྐོར་གྱི་ཞིབ་དཔྱོད་ལས་དོན་སྤེལ་ཚུལ་གྱི་སྙན་ཞུར་ཉན་འཇོག་དང་གྲོས་ཞིབ་བྱས་པར་བརྟེན། ཁྲིམས་ཁང་གིས་ཁྲིམས་གཅོད་ལས་དོན་དང་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་ལས་དོན་ལ་སྔར་བས་སྐུལ་སྤེལ་ཐུབ་པ་དང་། ཁྲིམས་འཛིན་གྱི་འགན་སྲུང་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ནས་རྒྱལ་ཁབ་ཀྱི་ཁེ་ཕན་དང་། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན། སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་ཕན་བཅས་ལ་སྲུང་སྐྱོང་ཐུབ་ཡོད། དེ་བཞིན་སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་འཛིན་ཚད་ལྡན་ཅན་དུ་འགྱུར་ཚུལ་སྐོར་གྱི་སྙན་ཞུའི་གྲོས་ཞིབ་བསམ་འཆར་དོན་འཁྱོལ་བྱས་ཚུལ་ལ་མཇུག་འདེད་ཞིབ་བཤེར་བྱས་པ་དང་སྦྲགས། འབྲེལ་ཡོད་སྡེ་ཚན་གྱིས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཞིབ་བསམ་འཆར་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་དང་སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་འཛིན་ཚད་ལྡན་ཅན་དུ་འགྱུར་བར་སྔར་བས་སྐུལ་འདེད་བཏང་ཡོད། ན་ཚོད་མ་ལོན་པའི་ཉེས་པ་གསོག་མཁན་ལོ་ན་ཆུང་དུ་འགྲོ་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་ན་ཚོད་མ་ལོན་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས་དང་དེའི་ལག་བསྟར་བྱ་ཐབས་ལ་ཁྲིམས་འཛིན་ཞིབ་བཤེར་བྱས་པའི་སྙན་ཞུའི་གྲོས་ཞིབ་བསམ་འཆར་དོན་འཁྱོལ་བྱས་ཚུལ་ལ་མཇུག་འདེད་ཞིབ་བཤེར་བྱས་ཡོད།

(བཞི)སྐྱེ་ཁམས་ཤེས་དཔལ་ལ་དམིགས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་རམ་འདེགས་བྱས་པ། རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་མ་ཟད། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་བཏང་ཡོད། 2018ལོའི་ཁོར་ཡུག་གི་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་ལེགས་གྲུབ་བྱས་ཚུལ་གྱི་སྙན་ཞུར་ཉན་འཇོག་དང་གྲོས་ཞིབ་བྱས་ཤིང་། རྩྭ་ཐང་བཅའ་ཁྲིམས་དང་། ཆུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས། བསྐྱར་སྤྱོད་ནུས་རྒྱུའི་བཅའ་ཁྲིམས་བཅས་ལ་ཁྲིམས་འཛིན་ཞིབ་བཤེར་བྱས་པ་མ་ཟད། འབྲི་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་གཙོ་དོན་དུ་བྱས་པའི“ཀྲུང་ཧྭ་ཡི་ཁོར་ཡུག་སྲུང་སྐྱོང་བྱེད་པའི་དུས་རབས་ལས་སྒོའི་བོད་ཀྱི་ལས་སྒོའི”བྱེད་སྒོ་སྤེལ་ནས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་འགྲོ་བར་སྐུལ་སྤེལ་བཏང་ཐོག བོད་ལྗོངས་ས་མཐོའི་ནམ་མཁའ་དེ་བས་སྔོ་བ་དང་། རྩྭ་ཐང་དེ་བས་སྔོ་ལྗང་ལྡན་པ། ཆུ་མོ་དེ་བས་དྭངས་བ་བཅས་ཡོང་ཆེད་མི་དམངས་འཐུས་ཚོགས་ཀྱི་ནུས་ཤུགས་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

(ལྔ)བྱེད་ལུགས་བྱེད་སྟངས་ལེགས་སུ་བཏང་སྟེ་ལྟ་སྐུལ་གྱི་ཕན་འབྲས་ཐོན་ཤུགས་ཆེ་རུ་བཏང་བ། ལྟ་སྐུལ་ལས་ཀའི་ལམ་ལུགས་འཛུགས་རྒྱུ་མངོན་ཆེར་བཟུང་སྟེ་ནུས་ལྡན་ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་དྲ་སྦྲེལ་ལྟ་སྐུལ་མ་ལག་བཙུགས་པས་སྔོན་རྩིས་དོན་འཁྱོལ་ལ་སྐབས་བསྟུན་ལྟ་སྐུལ་བྱེད་པའི་ཕན་འབྲས་རགས་ཙམ་ཐོན་ཡོད། སྔོན་རྩིས་ལ་ཞིབ་བཤེར་དང་ལྟ་སྐུལ་བྱེད་རྒྱུའི་གཙོ་གནད་དེ་གཏོང་སྒོའི་སྔོན་རྩིས་དང་སྲིད་ཇུས་ཐོག་བཞག་པར་བརྟེན། གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱས་ཚུལ་གྱི་སྙན་ཞུའི་ལམ་ལུགས་འཐུས་སྒོ་ཚང་དུ་སོང་ཡོད། ཐོ་འགོད་སྙང་སེང་ཞིབ་བཤེར་གྱི་ཆ་འཕྲིན་ལས་སྟེགས་འཛུགས་རྒྱུར་མུ་མཐུད་སྐུལ་སྤེལ་བཏང་ནས་རྒྱུན་ལས་ཨུ་ལྷན་གྱིས་ཐོ་འགོད་སྙན་སེང་ཞིབ་བཤེར་ལ་ཉན་འཇོག་དང་གྲོས་ཞིབ་བྱེད་པའི་ལས་ཀའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་སྙན་སེང་ཞིབ་བཤེར་བྱེད་པའི་ལས་ཀའི་སྒྲིག་སྲོལ་བཟོས་ཏེ་ཐོ་འགོད་སྙན་སེང་བྱས་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁག་11ལ་ཞིབ་བཤེར་བྱས་པ་དང་། སྤྱི་དམངས་ཀྱིས་ཞིབ་བཤེར་བྱེད་རྒྱུར་ཕུལ་བའི་གྲོས་འགོ་1གཉེར་སྒྲུབ་བྱས་ཡོད།

བཞི། འཐུས་མིའི་བྱེད་པོའི་གནས་བབ་མངོན་ཆེར་བཟུང་སྟེ་འཐུས་མིའི་ལས་ཀའི་གསོན་ཤུགས་དང་ཕན་འབྲས་ཐོན་ཤུགས་ཆེ་རུ་བཏང་བ།

མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་འཐུས་མིའི་བྱེད་པོའི་གནས་བབ་ལ་བརྩི་འཇོག་དང་། འཐུས་མིས་ཁྲིམས་བཞིན་འགན་འཁྲི་བསྒྲུབ་རྒྱུར་རྒྱབ་སྐྱོར་དང་འགན་སྲུང་བྱས་པས་འཐུས་མིའི་ལས་དོན་སྒྲུབ་སེམས་རྒྱུན་མཐུད་ཆེ་རུ་སོང་བ་དང་འཐུས་མིའི་ནུས་པ་འདོན་སྤེལ་ནུས་ལྡན་ཐུབ་ཡོད།

(གཅིག)འཐུས་མི་དང་འབྲེལ་བ་དམ་ཟབ་བྱས་ནས་འཐུས་མི་གོ་རིམ་ལྡན་པའི་ངང་ཆབ་སྲིད་ནང་ཞུགས་རྒྱ་ཆེ་རུ་བཏང་བ། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་བྱེད་པའི་འཐུས་མིའི་བཞུགས་མོལ་བྱེད་ཐབས་བཟོས་པ་དང་སྦྲགས། དབུལ་སྒྲོལ་འགག་སྒྲོལ་དང་། གྲོང་གསེབ་དར་རྒྱས། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར། འོས་འགན་སློབ་གསོ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས། མི་རིགས་མཐུན་སྒྲིལ་གྱི་ཁྲིམས་བཟོ་སོགས་གཙོ་གནད་ལས་དོན་ལ་དམིགས་ཏེ་སྔ་རྗེས་སུ་ཚོགས་འདུར་ཟུར་ཞུགས་བྱེད་མཁན་འཐུས་མི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། གཞི་རིམ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བ་མི་ཐེངས་83དང་མཉམ་དུ་བཞུགས་མོལ་ཐེངས་4བྱས་ནས་འཐུས་མིའི་བསམ་འཆར་དང་གྲོས་འགོ་དུས་ཐོག་ཏུ་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ཁག་ལ་གཉེར་སྒྲུབ་བྱེད་རྒྱུར་རྩིས་སྤྲོད་བྱས་ཡོད། “འབྲེལ་གཏུག་གཉིས”ཚད་ལྡན་ཅན་དང་། ལམ་ལུགས་ཅན། རྒྱུན་རྣམ་ཅན་བཅས་སུ་འགྱུར་བར་སྐུལ་སྤེལ་བཏང་སྟེ་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་150དང་ཐད་ཀར་འབྲེལ་གཏུག་བྱས་ནས་ཡུལ་བབ་དམངས་འདུན་གྱི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་རུབ་བྱས་པ་མ་ཟད། འཐུས་མིའི་སྦྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་གྲོས་དོན་ལ་དམིགས་ཏེ་ལོ་ཧྲིལ་པོར་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་འཐུས་མི་55ཟུར་ཞུགས་ལ་གདན་ཞུ་བྱས་པ་དང་། འཐུས་མིའི་བསམ་འཆར་དང་གྲོས་འགོར་ཉན་འཇོག་གང་ལེགས་བྱས་ནས་འཐུས་མིས་གནས་ཚུལ་ཤེས་དབང་དང་། ཞུགས་དབང་། གསལ་ཞུ་བྱེད་དབང་བཅས་ལ་འགན་སྲུང་བྱས་ཡོད།

(གཉིས)བྱེད་སྒོའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་འཐུས་མིས་འགན་འཁྲི་ནུས་ལྡན་བསྒྲུབ་རྒྱུར་སྐུལ་འདེད་བཏང་བ། བོད་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ནས་དམངས་འཚོའི་ལས་གཞི་དང་མི་དམངས་ཁྲིམས་ཁང་གིས་ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་གཅོད་སོགས་ཐད་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་ཤིང་།

(པར་ངོས་བདུན་པར་གཟིགས)