《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月07日

མཚོ་སྔོན་གྱི་དངུལ་ཁང་ལས་རིགས་ཀྱིས་བྱ་ཐབས་སྣ་ཚོགས་བཏོན་ནས་རིམས་ནད་འགོག་རྒོལ་དམག་འཐབ་ལ་རམ་འདེགས་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་གྱི་ཚོང་ལས་དངུལ་ཁང་མང་པོ་ཞིག་ནས་ཤེས་རྟོགས་བྱུང་བར། གློ་བུར་དུ་ཐོན་པའི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་དམིགས་ཏེ། ས་ཆ་དེ་གའི་དངུལ་ཁང་གིས་རང་ངོས་ཀྱི་ལས་སྒོ་དང་ཟུང་འབྲེལ་བྱས་ནས་སྒོ་འགྲམ་དུ་ཞབས་ཞུ་དང་། གྲོན་ཚད་རྩ་ཆག རིམས་ནད་ཀྱིས་རྐྱེན་པས་གནས་སྐབས་དཀའ་ངལ་འཕྲད་པའི་ཁེ་ལས་དང་མི་སྒེར་གྱི་འབྲེལ་ཡོད་ཡིད་རྟོན་དངུལ་བུན་ལེགས་སྒྲིག་སོགས་ཀྱི་བྱ་ཐབས་མང་པོ་བཏོན་ནས། རིམས་ནད་ཀྱིས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་བཟོས་པའི་ཤུགས་རྐྱེན་སྔར་བས་ཆུང་དུ་བཏང་ཡོད་པ་རེད།

ཟླ་1ཚེས་28ཉིན། མཚོ་སྔོན་གྱི་གྲོང་གསེབ་ཚོང་ལས་དངུལ་ཁང་ཁོངས་གཏོགས་ཀྱིས་ཞབས་ཞུའི་ཆ་འཕྲིན་ཡོངས་བསྒྲགས་བྱས་ནས་དྲ་ཐོག་དངུལ་ཁང་དང་། སྐད་འཕྲིན་དངུལ་ཁང་། ལག་ཐོགས་ཁ་པར་དངུལ་ཁང་སོགས་ཀྱི་དྲ་ཐོག་དངུལ་ཁང་གི་ལས་སྒོ་གཉེར་མཁན་ལ་འགྲོ་ལུགས་གྲོན་དངུལ་བསྡུས་མེད་པ་རེད། དངུལ་ཁང་ལས་གཉེར་དྲ་ཚུགས་སུ་མི་སྣ་འདུ་འཛོམས་ཆེ་བ་དང་འགྲོ་སྐྱོད་མང་བ་ནི་ནད་དུག་མཆེད་ཉེན་ཆེ་བའི་ཁུལ་ཞིག་རེད། གསར་འགོད་པར་ཤེས་རྟོགས་བྱུང་གསལ། དྲ་ཚུགས་ལས་དོན་མི་སྣའི་བདེ་འཇགས་འགན་ལེན་ཕུད། ས་ཆ་དེ་གའི་ཚོང་ལས་དངུལ་ཁང་གིས་མང་ཚོགས་ཚོས་དྲ་ཐོག་ཏུ་ལས་སྒོ་གཉེར་བར་ཁྲིད་སྟོན་ཧུར་ཐག་བྱས་པ་དང་ཆབས་ཅིག ཆེད་སྤྱོད་ཁ་པར་ཨང་གྲངས་བཀོད་སྒྲིག་བྱས་པས་དངོས་ཡོད་ཀྱི་དགོས་མཁོ་གཞིར་བཟུང་སྒོ་འགྲམ་དུ་ལས་སྒོ་གཉེར་ཆོག་གི་ཡོད་པ་རེད།

ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ཐོན་རིང་། ཚོང་ལས་དངུལ་ཁང་མང་པོ་ཞིག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་ཀའི་ནང་ཞུགས་མཁན་ཁེ་ལས་བྱ་གཞག་ཚན་པ་དང་། རིམས་ནད་ཀྱིས་རྐྱེན་པས་དཀའ་ངལ་འཕྲད་པའི་ཁེ་ལས་དང་མི་སྒེར་ལ་དངུལ་རྩའི་ཞབས་ཞུའི་ཤར་བགྲོད་ལམ་བུ་བཏོད་དེ། ཧུའུ་པེའི་རིམས་ནད་ཁུལ་གྱི་རིམས་ནད་སྔོན་འགོག་དང་དངུལ་ཞལ་འདེབས་འབུལ་རིགས་ལ་འགྲོ་ལུགས་གྲོན་དངུལ་མི་བསྡུ་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་ཁེ་ལས་དང་མི་སྒེར་གྱི་མ་དངུལ་དགོས་མཁོར་དམིགས་ནས། ཞིབ་མཆན་མགྱོགས་མྱུར་འགོད་པའི་ལམ་སྲོལ་བཙུགས་པ་དང་གཟིགས་སྐྱོང་སྐྱེད་ཀའི་བྱ་ཐབས་ལག་བསྟར་བྱས་ཡོད་པ་རེད།

དེའི་ནང་། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་འབྲེལ་ཡོད་ཁེ་ལས་ལ་འཕྲལ་མཁོའི་ཡིད་རྟོན་དངུལ་བུན་སྒོར་ཁྲི་2000མཁོ་འདོན་བྱེད་རྒྱུའི་ཞིབ་འཇུག་བྱས་པ་དང་། མཚོ་སྔོན་གྲོང་གསེབ་ཚོང་ལས་དངུལ་ཁང་གིས་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་ཁེ་ལས་ལ་དངུལ་བུན་སྔོན་ལ་མི་བསྡུ་བ་དང་། མཚམས་མི་འཇོག་པ། ཉུང་དུ་མི་གཏོང་བ་བཅས་བྱས་པ་དང་། རིམས་ནད་སྔོན་འགོག་ལས་དོན་ནང་ཞུགས་མཁན་མི་སྣར་དེའི་བུན་འཇལ་བཀོད་སྒྲིག་ལེགས་སྒྲིག་སྟབས་བསྟུན་བྱས་པ་མ་ཟད། དུས་བཀག་ལྟར་བུན་འཇལ་མ་ཐུབ་པའི་རིགས་གན་རྒྱ་ལས་འགལ་བར་བརྩིས་མེད་པ་རེད། ཡིན་ནའང་། རིམས་ནད་ཐོན་རིང་། ཟོག་གོང་ཧམ་སྤོར་དང་དཀྲོག་གཏམ་བརྒྱུད་སྤེལ་སོགས་ཀྱི་གནས་ཚུལ་ཡོད་པའི་ཁེ་ལས་དང་མི་སྒེར་མཚོ་སྔོན་གྲོང་གསེབ་ཚོང་ལས་དངུལ་ཁང་ཁོངས་གཏོགས་ཀྱི“མིང་ཐོ་ནག་པོའི”ནང་བཅུག་ཡོད་པ་རེད།

ཤེས་རྟོགས་བྱུང་གསལ། མཚོ་སྔོན་གྱི་ཞིང་འབྲོག་ཁུལ་གྱིས་རིམས་ནད་སྔོན་འགོག་དྲིལ་བསྒྲགས་ལ་རོགས་རམ་བྱ་ཆེད། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གིས་ས་ཆ་དེ་གའི་ཞིང་འབྲོག་ཁུལ་དུ་བཙུགས་པའི“ཞིང་ཕྱུག་ཀུན་ཁྱབ”ཀྱི་དངུལ་རྩའི་ཞབས་ཞུའི་ས་ཚིགས་2000ལྷག་ཙམ་སྤྱད་དེ་ཞིང་འབྲོག་པར་རིམས་ནད་སྔོན་འགོག་དྲིལ་བསྒྲགས་བྱས་པ་དང་འབྲེལ། ལག་ཐོགས་ཁ་པར་དུད་སྣེར“རིམས་ནད་སྔོན་འགོག་ཚོད་འཛིན”གྱི་ཆེད་སྒྲིག་ལེ་ཚན་བཀོད་སྒྲིག་བྱས་ནས་རིམས་ནད་སྔོན་འགོག་གི་འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་བཏང་བ་རེད།

(པ་ཚེས་བསྒྱུར། པ་དཀོན་གྱིས་ཞུས)