《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月06日

ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་དང་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་4ཉིན་གནས་ཚུལ་འབྱོར་གསལ། ཚེས་3ཉིན་གྱི་ཕྱི་དྲོར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང《ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་འགྱུར་མེད་སྟོབས་ལྡན་གྱི་ཆབ་སྲིད་འགན་སྲུང་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བརྡ་ཐོའི》དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཀྲུང་དབྱང་གི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་དང་ལྷག་པར་དུ། ཙུང་ལི་ལི་ཁེ་ཆང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་བསྐྱར་དུ་ཞིབ་འཇུག་དང་། བཀོད་སྒྲིག ནན་བཤད་བཅས་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་དང་། རྒྱལ་མཚན། འཇམ་དཔལ། ཀྲང་ཧུང་པོའོ་བཅས་ཚོགས་འདུར་ཕེབས་པ་རེད།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རྩ་འཛུགས་ཀྱི་མཐུན་སྦྱོར་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཁྲོད་ལྷག་པའི་ཞན་ཆ་དང་མ་འདང་སར་དམིགས་ཏེ། ཐབས་ཤེས་ལེགས་སུ་གཏོང་བ་དང་བྱ་ཐབས་ལ་ཤུགས་སྣོན་སྔར་བས་བརྒྱབ་ཐོག ཛ་དྲག་ལ་དཀའ་ཚེགས་དང་ཉེན་ཁ་ཚབས་ཆེན་ཐག་གཅོད་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་དགོས། ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ་གྱི་འགག་སྒོ་མཐའ་གཅིག་ཏུ་བསྲུངས་ནས། བོད་དུ་ཡོང་མཁན་ལོགས་སུ་འཇོག་པའི་མཉམ་ལས་སྦྲེལ་མཐུད་ལམ་སྲོལ་ལེགས་སུ་གཏོང་བ་དང་། ཉིན་14ལོགས་སུ་བཞག་ནས་ལྟ་བཤེར་ནན་པོ་བྱེད་པ། ལོགས་སུ་བཞག་པའི་མི་སྣའི་ཞབས་ཞུའི་འགན་སྲུང་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། འབྱུང་རྩ་ནས་དོ་དམ་དང་ཚོད་འཛིན་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་འགོ་ཚུགས་པའི་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱེད་པ་དང་། སློབ་གྲྭའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྔོན་ཚུད་ནས་འཆར་འགོད་བྱེད་དགོས། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་མུ་མཐུད་དམ་འཛིན་བྱེད་པ་དང་། དངོས་ཟོག་གྲབས་གསོག་བྱས་ཚུལ་ཁོང་དུ་ཏན་ཏིག་ཆུད་པར་བྱེད་པ། ལྗོངས་ནང་ཁུལ་གྱི་དངོས་ཟོག་ཐོན་སྐྱེད་ལ་ཤུགས་སྣོན་རྒྱག་པ། སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་ཉོ་སྒྲུབ་དང་སྡེབ་སྐྱེལ་བྱེད་ཤུགས་ཆེ་རུ་གཏོང་བ། སྔོ་ཚལ་འདེབས་འཛུགས་ལ་ཞིབ་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། མངའ་རིས་སོགས་ཐག་རིང་ས་ཁུལ་གྱི་མཁོ་སྤྲོད་འགན་ལེན་དང་ཟོག་གོང་བརྟན་གཏོང་གི་ལས་ཀའི་ཕུགས་ཕན་ལམ་སྲོལ་ལ་ཞིབ་འཇུག་བྱེད་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། ནས་སོགས་འཚོ་བའི་མཁོ་རྫས་ཐོན་སྐྱེད་དང་། གྲབས་གསོག གཏོང་སྤྲོད་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ནུས་རྒྱ་ཆེར་གཏོང་བ་དང་མཁོ་སྤྲོད་མང་དུ་གཏོང་དགོས། ཟོག་གོང་ཧམ་སྤོར་སོགས་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གི་ཁྲོམ་རའི་མཁོ་སྤྲོད་དང་རིན་གོང་རྒྱུན་མཐུད་བརྟན་པོ་ཡོང་བ་བྱེད་དགོས། མང་ཚོགས་ཀྱིས་རིམས་ནད་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུར་ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིད་སྟོན་བྱེད་པ་དང་། ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་བྱས་ནས་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་དང་དེའི་ནང་ཞུགས་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་མི་སྣའི་འབྲེལ་ཡོད་ཁ་གསབ་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲོན་དངུལ་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་གི་ཞབས་ཞུ་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྗོངས་ཏང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་དོན་འཁྱོལ་ནན་པོ་བྱས་ནས། ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ནན་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་གིས་མཉམ་དུ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ནང་ཞུགས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལ་སྤྱི་འདོམས་བྱེད་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་གཙོ་གནད་ལས་འགན་ལ་དམིགས་ཏེ། དུས་ཐོག་ཏུ་དུས་ཆེན་རྗེས་སུ་ཐོན་སྐྱེད་དང་ལས་འགོ་བསྐྱར་དུ་འཛུགས་པ་དང་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཡག་པོ་གཏོང་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ཡག་པོ་བྱེད་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་གི་སྡེ་ཚན་གྱི་འགན་འཁྲི་དང་འགན་ནུས་ཏན་ཏིག་འཁུར་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་སྲིད་གཞུང་གི་འགན་ནུས་བདེ་འཇགས་དང་ལས་ཕྱོད་ཆེན་པོས་འཁོར་རྒྱུག་ཡོང་བར་སྤྱི་འདོམས་ཡག་པོ་བྱེད་དགོས།

(དོན་གྲུབ་ཀྱིས་བསྒྱུར། དོན་གྲུབ་དང་དབང་སྒྲོལ་སྐྱིད་ཀྱིས་ཞུས)