《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月06日

རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་4ཉིན་གནས་ཚུལ་འབྱོར་གསལ། ཚེས་4ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་ཟླ་2ཚེས་3ཉིན་འཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་དང་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་ལས་དོན་ཁྲོད་གནས་པའི་གནད་དོན་དང་གྲོས་འགོའི་སྐོར་གྱི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་གྱི་ཙུའུ་ཀྲང་ཁག་གི་སྙན་སེང་ཉན་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་སླར་ཡང་གཙོ་སྐྱོང་གནང་ནས་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་དང་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱེད་པའི་མཐོ་ཚད་ཐོག་ནས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བཀོད་སྒྲིག་གལ་ཆེན་གནང་བ་དང་བླང་བྱ་ཁ་གསལ་བཏོན་གནང་བ་དང་། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་གི་ཚོགས་འདུ་ཐེངས་མང་འཚོགས་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཉམ་དུ་སྔོན་འགོག་དང་མཉམ་དུ་ཚོད་འཛིན་གྱི་ལམ་སྲོལ་འཛུགས་པ་དང་འབྲེལ་ཡོད་པུའུ་ཨུད་ཀྱིས་ཡིག་ཆ་གལ་ཆེན་རབ་དང་རིམ་པ་བཀྲམ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་བཏོན་པ་བཅས་ཚང་མ་ལས་ང་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ཁ་ཕྱོགས་སྔར་བས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ཅེས་བསྟན་པ་རེད།

ཚོགས་འདུའི་ཐོག་རིམས་ནད་ཐོན་ཚུན་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་བསྐྱོད་རྒྱུ་དེ་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་དང་འགན་འཁྲི་འཁུར་ཕོད་པ་མཚོན་པའི་རྡོ་ཀ་ཤུ་ཁ་དང་རྡར་རྡོ་ལྟ་བུར་བརྩིས་ནས“གདེང་ཚོད་བརྟན་གཏོང་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་བསྟར”བཅས་ཀྱི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བ། འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་ལས་དོན་སྒྲུབ་ནས་མང་ཚོགས་སྐུལ་སློང་དང་། སྒྲིག་འཛུགས། ཞབས་འདེགས་བཅས་ཀྱི་ལས་དོན་སྣེ་འཁྲིད་ནས་ཡག་པོ་སྒྲུབ་པ་བཅས་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་ཅེས་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག་ད་ཆ་རིམས་ནད་ལ་འགོག་རྒོལ་བྱེད་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་ལ། བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགག་རྩའི་མཚམས་ཚིགས་སུའང་སླེབས་ཡོད་པས་ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་དུས་རབས་གསར་པར་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད་པ་སྟེ།

གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་བློ་གཅིག་སེམས་གཅིག་གིས་སློབ་སྦྱོང་དང་གོ་བ་བླངས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་དེ་མིག་སྔའི་ཆེས་གལ་ཆེའི་ལས་དོན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ཏན་ཏིག་སྒྲུབ་ནས་རིམས་ནད་ཁྱབ་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་དང་།

གཉིས་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱལ་ཡོངས་བསམ་ཇུས་གཅིག་མཐའ་འཁྱོངས་དང་སྤྱི་ཡོངས་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་ལྟ་བ་སྔར་བས་ཟབ་ཏུ་བཏང་སྟེ་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་འདོམས་དང་། གཅིག་གྱུར་མཐུན་སྦྱོར། གཅིག་གྱུར་བཀོད་གཏོང་བཅས་ལ་དང་ལེན་མཐའ་གཅིག་ཏུ་ཞུ་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་མ་བྱུང་བ་དང་། གཅིག་གྱུར་བཀོད་འདོམས་དང་བཀོད་གཏོང་ལ་དང་ལེན་མི་ཞུ་བ། རང་གནས་རིང་ལུགས་ཚབས་ཆེ་བ། འགན་འཁྲི་འཁུར་མི་ཕོད་པ་དང་། སྤྱོད་ཚུལ་ཏན་ཏིག་མེད་པ། ཁག་འགན་ཕར་དཀྲི་ཚུར་དཀྲི་བཅས་བྱེད་མཁན་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་དང་འགན་ཤོར་དང་འགན་འཛོལ་མཁན་ལ་སྒྲིག་ཁྲིམས་དང་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་དགོས།

གསུམ་ནས་གཙོ་གནད་ལས་དོན་ལ་དམ་འཛིན་ནན་པོ་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལས་ཀའི་ཁྲོད་གནས་པའི་མི་འདང་སར་དམིགས་ནས་སྔོན་འགོག་གཙོ་བོར་བྱེད་པ་དང་། ཕྱི་ནས་མ་འགོས་པ་དང་ནང་དུ་མ་ཁྱབ་པ་བཅས་མཐའ་འཁྱོངས་བྱས་ཏེ་ཟུར་བསྟན་ལེབ་མཐོང་གིས་ལས་དོན་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལྷུ་ཚིགས་ཁག་ཏུ་གནས་པའི་ཞན་ཆ་དང་ཉམས་ཞན་ལྷུ་ཚིགས་གསེད་བཀྲོལ་དང་གྲལ་བཤེར་བྱས་ཏེ་བྱ་ཐབས་སྔར་བས་ལེགས་སུ་གཏོང་བ་དང་། བྱེད་ཐབས་ཤུགས་ཆེར་གཏོང་བ། ཚང་བཤེར་ཆད་གསབ། ཞན་ཆ་གསབ་པ་བཅས་བྱས་ཏེ་ཁྲིམས་ལྟར་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་ངང་ལས་དོན་ཁག་ཡག་པོ་བསྒྲུབས་ནས་རིམས་ནད་རང་ལྗོངས་སུ་ཁྱབ་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། རྒྱུན་གཏན་གྱི་དཔལ་འབྱོར་སྒྲིག་ལམ་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ་སྔོན་འགོག་དང་ཚོད་འཛིན་གྱི་དངོས་ཟོག་འགན་ལེན་དང་མཐུན་སྦྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྤྱི་འདོམས་བྱས་ཏེ་སྔོ་ཚལ་དང་། ཤ། སྒོ་ང་། འོ་མ། འབྲུ་རིགས་སོགས་གྲོང་མིའི་འཚོ་བའི་མཁོ་ཆས་མཁོ་སྤྲོད་འགན་ལེན་བྱས་ཏེ་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོའི་དགོས་མཁོ་སྔོན་ལ་སྐོང་བ་དང་ཐག་རིང་ས་ཁུལ་གྱི་དངོས་ཟོག་འགན་ལེན་ལ་དོ་སྣང་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་སྡེ་ཚན་དང་རིམ་ཁག་ལྟ་ཞིབ་སྡེ་ཚན་གྱིས་ལྟ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ལྟ་བཤེར་གྱི་གཙོ་གནད་ཐག་རིང་ལུང་ཁུག་ལ་ཕྱོགས་ཏེ་ཐག་རིང་ས་ཁུལ་གྱི་སྨན་རྫས་དང་འཚོ་བའི་དངོས་ཟོག་མཁོ་སྤྲོད་བྱེད་ཚུལ་ལ་ཕྱོགས་ཡོངས་ནས་ལྟ་བཤེར་བྱེད་དགོས། དྲིལ་བསྒྲགས་སློབ་གསོ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ཀྱིས་དང་ལེན་བྱེད་བདེ་བ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་ཐབས་ཐོག་ནས་བདེ་ཐང་གི་འདུ་ཤེས་དང་འགོ་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་དང་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་སྟེ་མང་ཚོགས་ཀྱིས་འགོག་སྲུང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པ།

བཞི་ནས་ལས་ཀའི་འགན་འཁྲི་ནན་དུ་གཏོང་དགོས། ད་ཐེངས་ཀྱི་རིམས་ནད་དེ་རང་ལྗོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་ཚོད་བགམ་ཆེན་པོ་ཞིག་ལ་བརྩིས་ཏེ“ལས་གནས་གཅིག་ལ་འགན་འཁྲི་གཉིས”དང་གཙོ་ཕལ་ཡོད་པ་མཐའ་འཁྱོངས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་དམ་འཛིན་ནན་ཏན་བྱས་ནས་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་ཐུབ་པ་བྱེད་དགོས་པ་བཅས་རེད།

ཚོགས་འདུའི་ཐོག་འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་ཡིན་པས་ལྗོངས་ཏང་ཨུད་ཀྱིས་ཁ་གསལ་བཏོན་པའི་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཕྱོགས་ཡོངས་འབྱོར་འབྲིང་གི་རྒྱལ་ཁ་ཕུ་ཐག་གཅོད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་གཙོ་གནད་ལས་འགན་ཁག་གསུམ་ལེགས་སྒྲུབ་ཡག་པོ་བྱེད་པའི་འགན་འཁྲི་གཟི་བརྗིད་ལྡན་ལ་ལས་འགན་ལྕི་བ་ཞིག་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སེམས་ནུས་ཡོད་རྒུས་ལས་དོན་ཁྲོད་ཞུགས་ཏེ་ལས་ཀའི་བྱེད་ཐབས་གསར་གཏོད་བྱེད་པ་དང་། ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་དང་། ཕྱོགས་གཞན་ཞིག་ནས་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་འདོམས་འཆར་འགོད་དང་། ཉེ་རིང་ཟུང་འབྲེལ། སྤྱི་ཡོངས་ལ་སྐུལ་འདེད་བཏང་སྟེ་ཕྱོགས་གཉིས་ཀར་འཐུས་ཤོར་མི་ཡོང་བ་དང་ཕྱོགས་གཉིས་ཀར་གྲུབ་འབྲས་ཐོབ་པའི་འགན་ལེན་བྱེད་པ་དང་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱས་ཏེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་དང་མི་རིགས་ཁག་གི་མང་ཚོགས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས། གཅིག་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། མི་སྣའི་སྟོབས་ཤུགས་བཀོད་སྒྲིག་འདང་ངེས་བྱས་ཏེ“མཚམས་མི་འཇོག་པ་བཞིའི”བླང་བྱར་གཞིགས་ནས་གནད་སྨིན་དབྱེ་འབྱེད་དང་། ཐོན་ལས་ཀྱི་འདེགས་སྐྱོར། སྲིད་ཇུས་ཀྱི་ཡར་སྐུལ། ལས་ཞུགས་སྔོན་དུ་འཇོག་པ། བོད་སྐྱོར་གྱི་རོགས་རམ། སྤྱི་ཚོགས་འགན་སྲུང་གི་ཐ་སྐྱོང་བཅས་ཀྱི་ལས་དོན་ཁག་རྒྱུན་མཐུད་ངང་ཡག་པོ་སྒྲུབ་དགོས། གཉིས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལས་འགན་ལེགས་སྒྲུབ་བྱེད་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་ཁག་དང་བསྡུར་བ་བྱས་ཏེ་དུས་བཀག་ཁ་གསལ་དང་། ལས་ཡུན་ལྡོག་སྒྲིག དཔེ་རིས་བཀལ་ནས་འབད་འཐབ་བྱེད་པ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུ་དང་སེམས་ནུས་ཡོད་རྒུ་བཏོན་ནས་འབད་འཐབ་ཆེན་པོས་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་དགོས། གསུམ་ནས་ལས་ཞུགས་ལས་གཏོད་ལས་དོན་ལ་དམ་འཛིན་ནན་པོ་བྱེད་དགོས། མཐོ་སློབ་སློབ་ཐོན་སློབ་མའི་སྲིད་གཞུང་གི་ལས་ཞུགས་དང་ཁྲོམ་རའི་ལས་ཞུགས་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་དུས་བབ་ལ་དབྱེ་ཞིབ་དང་། ས་གནས་དེ་གར་གཞིས་ཚུགས་པ། སྔ་སྣུར་དུ་འཆར་གཞི་འགོད་པ་བཅས་བྱས་ནས་ཞིང་འབྲོག་ཚན་རྩལ་ཆེད་མངགས་པ་དང་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་གདན་ཞུ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། རིམ་ཁག་སློབ་གསོའི་སྡེ་ཚན་དང་མཐོ་སློབ་ཀྱིས་རང་འགུལ་ངང་ལས་དོན་བསྒྲུབས་ཏེ་སློབ་མ་དང་ཁྱིམ་བདག་གི་ལས་ཞུགས་ཀྱི་འདུ་ཤེས་བསྒྱུར་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། བཞི་ནས་མཐའ་མཚམས་ས་ཁུལ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཡག་པོ་བྱེད་པ་དང་། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱེད་པ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་མགྱོགས་པོ་བྱེད་པ། མཐའ་མཚམས་ཤང་དང་གྲོང་རྡལ་དང་གྲོང་ཚོའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མཐའ་མཚམས་འཕེལ་རྒྱས་མགྱོགས་པོ་བཏང་ནས་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས། ལྔ་ནས་དཔྱིད་རྨོད་དཔྱིད་གྲབས་ཀྱི་ལས་དོན་སྔ་སྣུར་དུ་ཡག་པོ་སྒྲུབ་དགོས། ཞིང་ལས་དུས་ཚོད་ལ་དམ་འཛིན་དང་ཞིང་ལས་དུས་ཚོད་འཐུས་ཤོར་མི་ཡོང་བ་བྱས་ནས་སྔ་ཙམ་འཆར་འགོད་དང་བཀོད་སྒྲིག་བྱས་ཏེ་ས་བོན་དང་རྫས་ལུད་སོགས་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་གཏོང་འདྲེན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་། མང་ཚོགས་སྐུལ་སློང་བྱས་ཏེ་དུས་ཚོད་དང་སེམས་ནུས་ཚང་མ་ཐོན་སྐྱེད་འཕེལ་རྒྱས་ཐད་བཞག་སྟེ་ཞིང་ནང་ཆུ་བེད་སྒྲིག་བཀོད་ཀྱི་ཉམས་བཟོའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་པར་འབབ་འཕར་དང་ཞིང་འབྲོག་ལས་ཀྱི་ཐོན་འཕར་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས། དྲུག་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། སྤྱི་ཚོགས་ཁྱབ་ཁོངས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་དང་ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་འགོག་ཟོན་དང་སེལ་ཏེ་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་འགན་འཛོལ་འགན་ཤོར་དང་གནད་དོན་ཐོན་རིགས་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། བདུན་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། རིམ་ཁག་ཏང་ཨུད་ཀྱིས་སྤྱི་ཡོངས་ལ་གཅིག་འདོམས་དང་ཕྱོགས་ཁག་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ཏང་གི་འགོ་ཁྲིད་རིམས་ནད་སྔོན་འགོག་ཚོད་འཛིན་དང་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་སོགས་ཀྱི་ཕྱོགས་ཁག་ལ་དོན་འཁྱོལ་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་ལས་དོན་སྒྲུབ་སྟེ་སྙིང་སྟོབས་ཆེར་སྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་སྟེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་བྱ་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག་བདེ་འཇགས་ཐོན་སྐྱེད་ལས་དོན་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་སྟེ་བདེ་འཇགས་ཐོན་སྐྱེད་ལས་དོན་ཐད་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ་ང་ཚོས་བདེ་འཇགས་ཐོན་སྐྱེད་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་སློབ་སྦྱོང་ནན་ཏན་དང་བློ་རྩེ་གཅིག་སྒྲིམ་གྱིས་གོ་བ་བླངས་ཏེ་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་བསྟན་ཡོད།

ཚོགས་འདུའི་ཐོག་2019ལོའི་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཁས་ལེན་གང་ལེགས་བྱས་ཤིང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལ་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་གོ་བ་ལེན་པ་དང་། སེམས་ནང“སྤྱི་ཡོངས་གཉིས”འཆང་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། འགན་འཁྲི་ཆེན་པོ་འཁུར་བའི་སྙིང་སྟོབས་མཐའ་འཁྱོངས་བྱེད་པ། འགན་འཁྲི་ཏན་ཏིག་འཁུར་བ་དང་རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་གཏན་འབེབས་དང་གོ་རིམ་ཁག་ཚད་ལྡན་དུ་གཏོང་བ་དང་བརྩི་སྲུང་ནན་པོ་ཞུ་བ། བདེ་འཇགས་ཐོན་སྐྱེད་ཀྱི་བྱ་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ་འགྲིམ་འགྲུལ་བདེ་འཇགས་དང་། རིག་དངོས་བདེ་འཇགས། མེ་ཟོན་བདེ་འཇགས་བཅས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་ལྷག་པར་དུ་དགོན་སྡེའི་མེ་ཟོན་བདེ་འཇགས་ལ་ཚད་མཐོའི་དོགས་ཟོན་བྱས་ཏེ་དགོན་སྡེའི་གྲྭ་བཙུན་གྱི་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་། དེ་མཚུངས་ཀྱི་མེ་ཟོན་སྒྲིག་ཆས་འཐུས་སྒོ་ཚང་དུ་གཏོང་བ། དགོན་སྡེའི་མེ་ཟོན་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། བདེ་འཇགས་ཐོན་སྐྱེད་གནད་དོན་གྱི་མངོན་མེད་རྐྱེན་ངན་དག་ཐེར་ལ་དམ་འཛིན་ནན་པོ་བྱས་ཏེ་དུས་ཐོག་ཏུ་དག་ཐེར་དམིགས་སར་འབྱོར་བའི་འགན་ལེན་བྱེད་དགོས། བདེ་འཇགས་སློབ་གསོ་དང་ཉེན་གཡོལ་འདུ་ཤེས་ཀྱི་གསོ་སྦྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་རང་ངོས་ཀྱི་འགོག་ཟོན་འདུ་ཤེས་དང་ཉེན་གཡོལ་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ལས་དོན་ཁྲོད་ཀྱི་དཔོན་ཉམས་རིང་ལུགས་དང་ཕྱི་ཚུལ་རིང་ལུགས་བཀག་འགོག་དང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་དང་བདེ་འཇགས་ཀྱི་ཉེན་ཁ་དང་ལས་འཛོལ་ཚབས་ཆེན་སྣ་ཚོགས་ཐོན་རྒྱུར་འགོག་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

(བདེ་སྐྱིད་དང་བསྟན་འཛིན་བཟང་མོས་སྒྱུར་ཞུས་བྱས)