《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月05日

ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷས《ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྤྲིངས་པའི་ཡི་གེ》ལ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

འདི་ག་ཚཌ་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་3ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས《ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྤྲིངས་པའི་ཡི་གེ》ཁྱབ་བསྒྲགས་གནང་བ་ལས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་རེད།

“ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷས《འཕྲིན་ཡིག》ནང‘རང་འཁྲིའི་ལས་ཀ་ཏན་ཏིག་ངང་ཡག་པོ་བྱེད་པ་དང་། ཐོག་མའི་བསམ་འདུན་བྱ་སྤྱོད་ལ་འཁྱོལ་བ། འགན་འཁྲི་ལས་གནས་སུ་འཁྱོལ་བ། འགག་རྩའི་དུས་སུ་མདུན་དུ་དོན་ཕོད་པ། དཀའ་ཉེན་འཕྲད་སྐབས་བློས་གཏོང་ཕོད་པ་བཅས་བྱེད་དགོས’ཞེས་པའི་བླང་བྱ་བཏོན་གནང་འདུག བོད་དུ་ལས་ཀ་བྱེད་མཁན་ཧུའུ་པེ་བ་ཞིག་ཡིན་པའི་རང་ཉིད་འདི་ལོ་དཔྱིད་གསར་དུས་ཆེན་ལ་ནང་མི་མཉམ་འཛོམས་བྱེད་པར་ལོག་རྒྱུ་མ་བྱུང་། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) འཕྲིན་ཡིག་ནང་སྐུལ་ལྕག་གི་བཀའ་མོལ་མང་པོ་ཞིག་འཁོད་པ་མཐོང་སྐབས་རང་ཉིད་ལ་སྐུལ་མ་ཆེན་པོ་ཐེབས་བྱུང་། སླད་ཕྱིན་ངས་འཕྲིན་ཡིག་ནང་གི་བླང་བྱ་གཞིར་བཟུང་། ལས་གནས་བརྟན་སྲུང་བྱས་ཐོག ལས་གྲོགས་ཚོ་དང་མཉམ་དུ་འབད་འཐབ་བྱས་ནས་རིམས་ནད་འགོག་རྒོལ་དམག་འཐབ་ཀྱི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་ཡིན”ཞེས་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ལས་ཁུངས་ཀྱི་ཁོའོ་ཡོན་ལིའུ་ཧྥང་ཡཱ་ཡིས་བཤད།

བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་མིག་དམར་སྒྲོལ་མས“རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་འགག་རྩའི་དུས་སུ་ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷའི《ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྤྲིངས་པའི་ཡི་གེ》འབྱོར་རྗེས་ང་ཚོར་སེམས་འགུལ་ཚད་མེད་ཐེབས་བྱུང་། ང་ཚོས་ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ། ལས་གནས་བརྟན་སྲུང་དང་། འགན་འཁྲི་ཁུར་ཕོད་པ། གྲོང་སྡོད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་གྲོང་ཚོ་ཨུ་ལྷན་དང་གྲོང་ཚོའི་སྨན་པ་དང་དུས་ཐོག་ཏུ་མཉམ་འབྲེལ་བྱས་ནས་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་བྱེད་པ་དང་། སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལེགས་པར་སྒྲུབ་པ། དུད་ཚང་གཅིག་དང་མི་གཅིག་ཀྱང་མི་ལུས་པ་བྱེད་པ་བཅས་བྱས་ནས་རིམས་ནད་འགོག་པའི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་རྒྱུ་ཡིན”ཞེས་བཤད།

ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཐོན་ལས་ཚོགས་པ་སྤྱི་སྤྱོད་སྐྱེལ་འདྲེན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་རྒོད་སྐྱེས་ཀྱིས“ང་ཚོས《འཕྲིན་ཡིག》ནང་གི‘རང་ཉིད་ཀྱི་སྒོ་ཡག་པོ་སྲུང་བ་དང་། རང་ཉིད་ཀྱི་མིར་དོ་དམ་ཡག་པོ་བྱེད་པ། རང་ཉིད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། རང་སྡེ་ཚན་དང་། ཚན་པ། ལས་རིགས་བཅས་ཀྱི་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཏན་ཏིག་སྒྲུབ་དགོས”ཞེས་པའི་བླང་བྱ་ལག་ལེན་མཐའ་གཅིག་ཏུ་བསྟར་ཏེ། ཕྱོགས་ཡོངས་ནས་སྐུལ་སློང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཏང་ཡོན་ཁ་ལོ་བའི་དང་བླངས་པའི་དཔུང་ཁག་དང་རྒྱབ་ཕྱོགས་མཁོ་སྒྲུབ་ལས་མིའི་ཏང་ཡོན་གྱི‘གདོང་མཆོང་རུ་ཁག’བཙུགས་པ་དང་། དུག་སེལ་ས་ཚིགས་22བཙུགས་པ། དུག་སེལ་མི་སྣ་120རེས་མོས་བཀོད་སྒྲིག་བྱས་པའི་ཁར། བླང་བྱ་གཞིར་བཟུང་སྤྱི་སྤྱོད་རླངས་འཁོར་དང་གཞུང་ལས་སྒྲུབ་ཁུལ་དུ་དུག་སེལ་ནན་པོ་བྱས་དང་བྱེད་བཞིན་ཡོད་ཅེས་བཤད།

“ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི《འཕྲིན་ཡིག》ལས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་རིང་། ང་ཚོ་ཁྲལ་དོན་ལས་བྱེད་པ་དང་ལྷག་པར་དུ་ཏང་ཡོན་ལས་བྱེད་པས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་འཐབ་ཕྱོགས་ཀྱི་གཡུལ་ས་མདུན་མར་བསྐྱོད་རྒྱུ་ཡིན”ཞེས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཁྲལ་དོན་ཅུས་ཀྱི་ལས་བྱེད་པ་ཕུན་ཚོགས་བློ་གྲོས་ཀྱིས་བཤད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་ཚེ་ལྷས་ཞུས)