《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月04日

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་ཀྱི་འཐུས་མིར་སྤྲིངས་པའི་ཡི་གེ

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྣམས་ལ།

ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་བྱུང་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་གནང་ནས་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་པ་དང་། ལས་དོན་སྙན་ཞུ་ཐེངས་མང་གསན་པ། སྐུ་ངོ་མས་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་མ་ཟད། མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བ། ཡིད་ཆེས་དང་སྒུལ་ཤུགས་ཧ་ཅང་ཆེན་པོ་སྦྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བློ་མཐུན་ཝུའུ་དབྱིང་ཅེས་གཙོ་འགན་འཁུར་བའི་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དེ་མིག་སྔའི་ཆབ་སྲིད་ལས་འགན་གལ་ཆེ་ཤོས་དང་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་དོན་ཆེན་ཨང་དང་པོར་བརྩིས་ནས་འཕྲལ་ཐག་ཆོད་པོས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཁྱོན་ཡོངས་ནས་སྐུལ་སློང་དང་། ཁྱོན་ཡོངས་ནས་བཀོད་སྒྲིག ཁྱོན་ཡོངས་ནས་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་མཐའ་གཅིག་ཏུ་བརྒྱབ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་། ཁ་གཏད་ཧུར་ཐག་གཅོག་པ། བྱ་ཐབས་དམིགས་སར་འབྱོར་བ་བྱེད་པ། འགན་ལེན་ནུས་ལྡན་བྱེད་པ་བཅས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནུས་པ་དང་། གོ་རིམ། ཕན་འབྲས་བཅས་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད།

རིམས་ནད་ཐོན་པའི་སྐབས་འདིར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་འགན་འཁྲི་ཟོལ་མེད་བསྒྲུབས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་དང་ལེན་དང་འགན་སྲུང་གི་ལས་དོན་ནང་ཧུར་ཐག་ཞུགས་པ་དང་། ལྷག་པར་དུ་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ནང་མི་དང་མཉམ་འཛོམས་བྱེད་པའི་གོ་སྐབས་དོར་ནས་ལས་གནས་བརྟན་སྲུང་དང་རང་འགན་གཙང་སྒྲུབ་ཀྱིས་རིམས་ནད་འགོག་བཅོས་ཀྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་ཕྱིར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ང་ཚོས་འཐུས་མི་རྣམ་པར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན། མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དེ་འགག་རྩའི་དུས་སྐབས་སུ་སླེབས་ཡོད། ཚེ་སྲོག་ནི་ཐམས་ཅད་ལས་ལྷག་ཞིང་། རིམས་ནད་ནི་བཀའ་རྒྱ་དང་སྔོན་འགོག་ཚོད་འཛིན་ནི་འགན་འཁྲི་ཡིན། རིམས་ནད་ལ་འགོག་རྒོལ་བྱེད་རྒྱུ་ནི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གཞན་ལ་དཀྲི་ཐབས་མེད་པའི་འགན་འཁྲི་ཡིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་འདོམས་འོག མི་དམངས་ཁྲོད་ནས་ཡོང་བ་དང་མི་དམངས་ཁྲོད་རྩ་བ་ཚུགས་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་སྣེ་ཁྲིད་དེ་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་དེ་སེམས་ནུས་གཅིག་ཏུ་བསྒྲིལ་ནས་ཡག་པོ་རྒྱག་དགོས། དེར་བརྟེན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡོངས་ལ་གཤམ་གསལ་གྲོས་འགོ་འདོན་རྒྱུ་ཡིན།

གཅིག་ནས་སྣེ་ཁྲིད་དེ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས། “མི་དམངས་ཀྱི་ཁེ་ཕན་ཐམས་ཅད་ལས་ལྷག་པ”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལྟར། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ། བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱའི་ཐོག་རང་འགུལ་ངང་གཅིག་གྱུར་ཡོང་བ་བྱེད་པ་བཅས་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་། ལས་འགན་སྒྲུབ་སེམས། དགོས་གཏུག་གི་བསམ་པ་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་དེ་ཨང་དང་པོར་བཞག་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཛ་དྲག་ཆེ་ལ་རྙོག་འཛིང་ཆེ་བའི་དུས་བབ་ཤེས་རྟོགས་གང་ལེགས་བྱེད་པ་དང་། རིམས་ནད་ལ་ཁ་གཏད་གཅོག་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་བ། འཐབ་ས་དང་པོར་སྐྱོད་པ་དང་ལས་དོན་ཏན་ཏིག་སྒྲུབ་པ། འཐུས་མིའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་པ། འཐུས་མིའི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ་བཅས་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་ཞུ་ལུགས་མཚོན་པ་བྱེད་དགོས།

གཉིས་ནས་མཉམ་དུ་སྔོན་འགོག་དང་མཉམ་དུ་ཚོད་འཛིན་གྱི་ལས་དོན་སྣེ་ཁྲིད་དེ་དོན་འཁྱོལ་བྱེད་དགོས། མི་དམངས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་འཐུས་མིའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱ་ཁྱབ་ཏུ་མང་ཚོགས་སྐུལ་སློང་དང་། མང་ཚོགས་སྒྲིག་འཛུགས། མང་ཚོགས་གོང་བུ་གཅིག་ཏུ་སྒྲིལ་བ་བཅས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག དེ་བཞིན་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྔོན་འགོག་ཚོད་འཛིན་ཐད་ཀྱི་བཀོད་སྒྲིག་བཅས་ཀྱི་དྲིལ་བསྒྲགས་ལག་བསྟར་ལས་དོན་སྣེ་ཁྲིད་དེ་ཡག་པོ་སྒྲུབ་པ། མཉམ་དུ་སྔོན་འགོག་དང་མཉམ་དུ་ཚོད་འཛིན་གྱི་བྱེད་ཐབས་སྣེ་ཁྲིད་དེ་དོན་འཁྱོལ་བྱེད་པ། ལས་དོན་གྱི་ཕན་འབྲས་ཏན་ཏིག་ལ་བརྟེན་ནས་མང་ཚོགས་ལ་ཚོར་ཐུབ་པ་དང་། དྲོ་སྐྱིད་ལྡན་པ། བློས་འགེལ་ཆོག་པ་བཅས་ཀྱི་བདེ་འཇགས་ཀྱི་ཚོར་སྣང་ཡོང་བར་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་འཕེལ་བ་དང་རྒྱལ་ངེས་ཀྱི་དད་སེམས་འཕེལ་བར་བྱེད་པ་བཅས་བྱས་ཏེ། མཉམ་དུ་སྔོན་འགོག་དང་མཉམ་དུ་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་སེམས་ནུས་གཅིག་ཏུ་བསྒྲིལ་ནས་སྐྲུན་དགོས། སྣེ་ཁྲིད་དེ་ལས་གནས་ཐོག་གཞི་ཚུགས་པ་དང་། རང་དཔེ་གཞན་སྟོན་གྱིས་རང་འགན་གཙང་མ་སྒྲུབ་པ། གཞི་རིམ་དུ་གནས་པ་དང་མང་ཚོགས་དང་འབྲེལ་འདྲིས་ཆེ་བའི་དོན་དངོས་ཀྱི་ལེགས་ཆར་བརྟེན་ནས། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནང་ཧུར་ཐག་ཞུགས་པ། ཉེ་དུས་མང་ཚོགས་དང་གྲྭ་བཙུན་གྱིས་གཉེན་གྲོགས་ཐུག་འཕྲད་མི་བྱེད་པ་དང་། འདུ་འཛོམས་མི་བྱེད་པ། ཕྱིར་ཡུལ་སྐོར་ལ་མི་སྐྱོད་པ། གནས་མཇལ་ལ་མི་འགྲོ་བ་བཅས་ཀྱི་གོ་བསྐོན་སློབ་གསོ་དང་སྐུལ་ཁྲིད་བྱེད་པ། དེ་བཞིན་སྤྱི་པའི་འགྲིམ་འགྲུལ་དང་སྒེར་འཁོར་བཏང་ནས་འགྲོ་སྐྱོད་ཉུང་དུ་གཏོང་བ། རིམ་པ་དང་པོའི་དང་ལེན་གྱི་སྐུལ་སློང་ནུས་པ་དང་ལག་བསྟར་ནུས་པ་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་གྱི་ཕན་ནུས་ཆེན་པོར་ཏན་ཏིག་འགྱུར་བ་བཅས་བྱས་ནས་རིམས་ནད་མི་མཆེད་པ་ཏན་ཏིག་བྱེད་དགོས། ཉེ་འགྲམ་གྱི་མི་སྣའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་སྟངས་ལ་དོ་སྣང་ཟབ་མོ་བྱེད་དགོས་ཤིང་། གལ་སྲིད་རིམས་ནད་ཀྱི་ཉེན་ཁ་ཤེས་རྟོགས་ཐུབ་ཚེ། འཕྲལ་དུ་རང་འགུལ་ངང་སྙན་སེང་ཞུས་ནས་སྔ་ཙམ་ཐག་གཅོད་དང་། སྔ་ཙམ་ལོགས་སུ་འཇོག་པ། སྔ་ཙམ་སྨན་བཅོས་བཅས་བྱེད་པའི་འགན་ལེན་བྱེད་དགོས།

གསུམ་ནས་ཚན་རིག་དང་མཐུན་པའི་ངང་རིམས་ནད་སྔོན་འགོག་ལས་དོན་སྣེ་ཁྲིད་ནས་ཡག་པོ་སྒྲུབ་དགོས། ཚན་རིག་དང་མཐུན་པའི་རྣམ་འགྱུར་ཐོག་ནས་རིམས་ནད་བྱུང་ཚུལ་ཤེས་རྟོགས་དང་རིམས་ནད་ལ་ཁ་གཏད་གཅོག་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་བླང་བྱ་སྣེ་ཁྲིད་དེ་དོན་འཁྱོལ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། རང་འགོག་རང་སྲུང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་བཅས་བྱས་ཏེ། ལག་པ་ཡང་སེ་འཁྲུ་བ་དང་། རྒྱུན་དུ་རླུང་འགྲོ་ཐུབ་པ། ཁ་རས་རྒྱག་པ། མི་མང་འདུ་འཛོམས་བྱེད་སར་མི་འགྲོ་བ། གལ་སྲིད་ཚ་བ་རྒྱས་པ་དང་གློ་རྒྱག་པ་སོགས་དབུགས་ལམ་གྱི་འགོ་ནད་ཕོག་པའི་ནད་རྟགས་ཐོན་ཚེ། དུས་ཐོག་ཏུ་དམིགས་འཛུགས་ཀྱི་ཚ་བའི་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱོད་དགོས། སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། འགོ་ནད་འགོག་བཅོས་བཅའ་ཁྲིམས་དང་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་སྡོམ་སྲོལ་ཡིག་སོགས་བཅའ་ཁྲིམས་དང་། ཁྲིམས་སྲོལ། རིམས་ནད་སྔོན་འགོག་ཚོད་འཛིན་དང་འགོག་སྲུང་ཤེས་བྱ་བཅས་སྣེ་ཁྲིད་དེ་དྲིལ་བསྒྲགས་བྱེད་པ། རིམས་ནད་ཁྱབ་ཚུལ་དང་སྔོན་འགོག་ཚོད་འཛིན་ལས་དོན་འཕེལ་རིམ་ཐད་ཀྱི་དབང་གྲགས་ལྡན་པའི་ཆ་འཕྲིན་སྣེ་ཁྲིད་དེ་ཁྱབ་སྤེལ་ཡག་པོ་གཏོང་བ། མང་ཚོགས་རང་བཞིན་གྱི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ནང་སྣེ་ཁྲིད་དེ་ཞུགས་པ། གོམས་སྲོལ་བཟང་པོ་དར་སྤེལ་གཏོང་བ། བདེ་ཐང་གི་འཚོ་བ་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས་པ་མ་ཟད། ད་དུང་མང་ཚོགས་ལ་མི་སྒེར་གྱི་འཕྲོད་བསྟེན་གོམས་གཤིས་རྒྱུན་འཁྱོངས་བྱེད་རྒྱུ་དང་། ལུས་རྩལ་ལུས་སྦྱོང་ལ་ཤུགས་སྣོན་རྒྱུག་རྒྱུ། འགྲོ་འདུག་སྤྱོད་གསུམ་ལེགས་ཤིང་སེམས་ཁམས་བདེ་ཐང་རྒྱུན་འཁྱོངས་བྱེད་རྒྱུ་བཅས་ཀྱི་ཁྲིད་སྟོན་ཡང་བྱེད་དགོས།

བཞི་ནས་སྣེ་ཁྲིད་དེ་ཁྲིད་སྟོན་ཡང་དག་བྱེད་དགོས། འབྲེལ་ཡོད་སྲིད་ཇུས་བྱ་ཐབས་དང་རིམས་ནད་བྱུང་ཚུལ་ལ་དོ་ཁུར་ཟབ་མོ་བྱས་ཏེ། མང་ཚོགས་ལ་དྲིལ་བསྒྲགས་ཡག་པོ་དང་འགྲེལ་བཤད་ཡག་པོ་རྒྱག་པ་དང་། དྲིལ་བསྒྲགས་ཁྲིད་སྟོན་གྱི་དང་བླངས་པ་ཡག་པོ་ཞིག་བྱེད་པ། དཀྲོག་གཏམ་སྣ་ཚོགས་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་དཀྲོག་གཏམ་བརྒྱུད་སྤེལ་མི་བྱེད་པ། དྲང་ནུས་བརྒྱུད་སྤེལ་དང་སྙིང་སྟོབས་གཅིག་སྡུད་བྱེད་པ། སྤྱི་དམངས་ལ་གོ་བ་ཡང་དག་ལེན་རྒྱུ་དང་། གཞོགས་འདེགས་ཧུར་ཐག་བྱེད་རྒྱུ། རིམས་ནད་སྔོན་འགོག་ཚོད་འཛིན་ནང་ཚན་རིག་དང་མཐུན་པའི་ངང་ཞུགས་རྒྱུ་བཅས་ཀྱི་ཁྲིད་སྟོན་བྱས་ནས། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ཡག་པོ་རྒྱག་རྒྱུ་ནི། མིག་སྔའི་གལ་འགངས་ཆེ་ཤོས་དང་དགོས་གཏུག་ཆེ་ཤོས་ཀྱི་ཆབ་སྲིད་ལས་འགན་ཞིག་ཡིན་ལ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡོངས་ཀྱི་གཟི་བརྗིད་ལས་འགན་ཞིག་ཀྱང་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཞིབ་ཚགས་འོག དམངས་སེམས་གཅིག་མཐུན་དང་། རྡོག་རྩ་གཅིག་ཏུ་སྒྲིལ་བ། མི་དམངས་མང་ཚོགས་ལ་དམ་པོར་བརྟེན་པ། མི་དམངས་མང་ཚོགས་སྐུལ་སློང་གང་ལེགས་བྱེད་པ་བཅས་བྱས་ཚེ། དཀའ་ངལ་མཐའ་དག་ཁྱད་བསད་ཐུབ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ཀྱི་རྒྱལ་ཁ་ལེན་ཐུབ་ངེས་ཡིན།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ནས།

2020ལོའི་ཟླ་1ཚེས་30ཉིན།