《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月04日

ཏིང་ཡེ་ཤན་གྱིས་གྲྭ་བཞི་གྲོང་གསར་སྡེ་ཁུལ་དུ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་2ཉིན་གནས་ཚུལ་འབྱོར་གསལ། ཚེས་1ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་གྲྭ་བཞི་གྲོང་གསར་སྡེ་ཁུལ་ཨུ་ལྷན་དུ་ཕེབས་ཏེ། གཞི་རིམ་གྱི་ཏང་འཛུགས་སྐྱོང་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་པ་རེད།

“ཁོངས་གཏོགས་ཁུལ་དུ་རྒྱུན་སྡོད་མི་འབོར་ག་ཚོད་ཡོད་དམ། ཏང་ཡོན་ག་ཚོད་ཡོད་དམ། བརྒྱུད་རིམ་ལྟར་ལྟ་ཞིབ་བྱེད་དགོས་པའི་མི་སྣར་ཚ་བ་བལྟས་སམ”ཞེས་སྡེ་ཁུལ་ཨུ་ལྷན་དུ་ཕེབས་འབྱོར་ཟིན་མ་ཐག་ཏིང་ཡེ་ཤན་གྱིས་རིམས་ནད་མཉམ་དུ་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་དོན། རང་ལྗོངས་སུ་རིམས་ནད་འགོག་བཅོས་ལས་དོན་སྤེལ་རྗེས་སྡེ་ཁུལ་གྱིས་འཕྲལ་དུ་ཁོངས་གཏོགས་ནང་ཁུལ་གྱི་ཏང་ཡོན་དང་། དྲ་མིག“གཉིས་ལྡན་དུད་སྦྲེལ”གྱི་ལས་དོན་མི་སྣ་བཅས་ཚང་མའི་སྣེ་ཁྲིད་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། དུད་ཚང་དུ་བསྐྱོད་ནས་དྲིལ་བསྒྲགས། དང་བླངས་ཀྱི་ཞབས་ཞུ་སོགས་ལས་དོན་ཁག་ནང་ཞུགས་པ་མ་ཟད། ལག་ཐོགས་ཁ་པར་གྱི་སྐད་འཕྲིན་སོགས་ཐབས་ལམ་ཐོག་ནས་སྔོན་འགོག་ཚོད་འཛིན་བྱེད་ཐབས་དང་། ཚན་རིག་ཤེས་བྱ།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཆ་འཕྲིན་བདེན་པ་བཅས་སྡེ་ཁུལ་གྱི་གྲོང་མིར་དུས་ཐོག་ཏུ་བརྒྱུད་སྤེལ་བྱས་ཡོད། ཏིང་ཡེ་ཤན་གྱིས་གསན་རྗེས་བསྔགས་བརྗོད་ཆེན་པོ་གནང་ཞིང་། ཁོང་གིས“བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཚད་མཐོའི་དོ་ཁུར་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཐད་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། རྒྱ་ཆེའི་སྡེ་ཁུལ་གྱི་ལས་དོན་པ་ཚོས་སྡེ་ཁུལ་གྱི་དུས་བདེ་དང་མི་དམངས་ཀྱི་བདེ་ཐང་ཆེད་འབད་པ་ལྷུར་ལེན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་གསུངས་པ་རེད།

ཏིང་ཡེ་ཤན་གྱིས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་འདིའི་ནང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་ཁག་གི་ཐོག་གཅིག་གྱུར་ཏན་ཏིག་བྱེད་པ་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷས《ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྤྲིངས་པའི་ཡི་གེའི》དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ཐོག་ནས་ལས་དོན་ཏན་ཏིག་སྒྲུབ་པ་དང་རང་འགན་ཐེག་པ་ཁུར་ལེན་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བར་བྱེད་དགོས། མང་ཚོགས་སྐུལ་སློང་དང་། མང་ཚོགས་སྒྲིག་འཛུགས། མང་ཚོགས་གཅིག་སྒྲིལ་བཅས་རྒྱ་ཁྱབ་ཏུ་བྱེད་པ་དང་། མཉམ་དུ་སྔོན་འགོག་དང་མཉམ་དུ་ཚོད་འཛིན་དང་སྔོན་འགོག་བརྟན་པོ་དང་ཚོད་འཛིན་བརྟན་པོ་བྱེད་པ། རིམས་ནད་བཀག་འགོག་གི་སྡེ་ཁུལ་གྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་བཅས་བྱས་ནས་ཚན་རིག་དང་མཐུན་པའི་ལག་བསྟར་དང་གནད་སྨིན་གོ་རིམ་ལྡན་པའི་ངང་རིམས་ནད་ལ་འགོག་རྒོལ་བྱེད་དགོས། སྡེ་ཁུལ་གྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། བརྟན་ལྷིང་སྲུང་སྐྱོང་དང་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ཁྱིམ་སྡོད་ལྟ་ཞིབ་བྱེད་དགོས་པའི་མི་སྣར་སེམས་གསོ་གཏོང་བ་དང་དངོས་ཟོག་འགན་ལེན་སོགས་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་པ། མི་སེམས་ལྷོད་ལ་བབས་པ་དང་། ཚང་མས་འགན་འཁྲི་འཁུར་བ། ཕྱར་བ་གྲུ་འདེགས་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཕྱོགས་གཉིས་ཀར་དམ་འཛིན་དང་། འཐུས་ཤོར་མི་འགྲོ་བ། སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

(སྐལ་མཆོག་གིས་བསྒྱུར། བདེ་དབང་གིས་ཞུས)