《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月04日

གདེང་ཚོད་དང་ཆོད་སེམས་བརྟན་དུ་བཏང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པ།

—— རང་ལྗོངས་ཀྱིས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ནུས་ཤུགས་ཡོད་རྒུས་སྔོན་འགོག་ཚོད་འཛིན་བྱེད་པའི་རིམ་སྤེལ་འཕྲིན་སྤེལ་དང་པོ།

↑འདི་ནི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ཚ་བ་རྒྱས་པའི་སྒོ་བསྟེན་སྨན་ཁང་གི་ལོགས་སུ་འཇོག་སའི་ནད་ཁང་གི་སྨན་དོན་མི་སྣས་འཐབ་ས་མདུན་མའི་ལས་གནས་བརྟན་སྲུང་བྱེད་བཞིན་པ།

གློ་བུར་དུ་ཉེན་ཚབས་ཆེ་བའི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་བྱུང་སྐབས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཕྲལ་མར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ། རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་ཡིད་ཆེས་བརྟན་གཏོང་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་ངང་འགོག་བཅོས། གནད་སྨིན་ཇུས་བསྟར་བཅས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་བླང་བྱ་བཏོན་གནང་ཡོད།

རང་ལྗོངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་། འཕྲལ་མ་ཉིད་དུ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་རྣམ་གཉིས་ཀྱིས་ཙུའུ་ཀྲང་གནང་བའི་རང་སྐྱོང་ལྗོངས་ཀྱི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འགན་འཁྲི་འཁུར་ཕོད་པ་དང་། འགག་སྒྲོལ་དཀའ་སེལ་བྱེད་པ། དཔའ་ངར་ཆེན་པོས་འབད་འཐབ་བྱེད་པ།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་ཆོད་སེམས་དང་ཡིད་ཆེས་བརྟན་པོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་དགོས།

ཕྱོགས་ཡོངས་ནས་སྐུལ་སློང་དང་བཀོད་སྒྲིག་ཚགས་ཚུད་བྱས་ཏེ་བྱ་སྤྱོད་ལ་བརྟེན་ནས་ལྷག་བསམ་ཟོལ་མེད་མཚོན་པར་བྱས་པ།

ཟླ་1ཚེས་27ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དང་ཀྲུང་དབྱང་གི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ལག་བསྟར་བྱས་པ་དང་། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་གནས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་སྙན་སེང་གསན་ནས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། ད་དུང་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་ཏན་ཏིག་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་གོ་བ་བླངས་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ཨང་དང་པོར་འཇོག་པ། དེ་བས་བློ་བརྟན་འགྱུར་མེད་ཀྱི་རྣམ་འགྱུར་དང་། དེ་བས་ནན་པའི་བྱ་ཐབས། དེ་བས་བློ་ཐག་ཆོད་པའི་བྱ་སྤྱོད་བཅས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་། ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དམིགས་སར་དོན་འཁྱོལ་ཏན་ཏིག་བྱས་ནས་རིམས་ནད་སྔོན་འགོག་གི་འགོག་རྒོལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས་པའི་བླང་བྱ་བཏོན་ཡོད།

དེ་འཕྲལ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་རྣམ་གཉིས་ཀྱིས་ཙུའུ་ཀྲང་གནང་བའི་རང་སྐྱོང་ལྗོངས་ཀྱི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། ཟླ་1ཚེས་27ཉིན་དང་ཟླ་1ཚེས་29ཉིན་སྔ་རྗེས་སུ་ལྗོངས་ཡོངས་སུ་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་གྱི་བརྡ་ལན་རིམ་པ་གཉིས་པ་དང་དང་པོ་འགོ་བཙུགས་པ་རེད།

“ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ལྗོངས་ཏང་ཨུད། སྲིད་གཞུང་བཅས་ཀྱིས་སྤྲད་པའི་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་ཀྱི་ཡིན” རིམས་ནད་སྔོན་འགོག་གི་འགོག་རྒོལ་དམག་འཐབ་རྒྱག་འགོ་ཚུགས་ཚུན། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དམ་ཡང་ན་རིམ་པ་ཁག་དང་སྡེ་ཚན་ཁག་དང་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་བཅས་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་མཐའ་གཅིག་ཏུ་ལྷག་བསམ་ཟོལ་མེད་མཚོན་པར་བྱས་ཡོད།

དཔལ་མགོན་རྫོང་སྤྱི་བདེ་ཅུས་ཕྱིང་ལུང་ཤང་མངགས་གཏོང་ཁང་གིས་ཕུན་ཚོགས་རྡོ་རྗེ་མངགས་གཏོང་ཁང་དུ་གཉེན་ཉེ་ཐུག་འཕྲད་ལ་ཡོང་བའི་བཟའ་མི་བུ་ཕྲུག་དང་མཉམ་དུ་སྡོད་པའི་བཀོད་སྒྲིག་བྱས་པ་རེད། འོན་ཀྱང་བཀའ་རྒྱ་འབྱོར་རྗེས་ཁོང་གིས་རང་འགུལ་ངང་དམག་འཐབ་ལ་ཞུགས་རྒྱུའི་འདུན་ཞུ་ཕུལ་ཏེ་ཞིབ་བཤེར་ས་ཚིགས་ཀྱི་འཐབ་ས་མདུན་མར་བསྐྱོད་པ་རེད། རྒྱུན་མཐུད་ཉིན་5འབད་འཐབ་བྱས་པ་བརྒྱུད་ངལ་དུབ་ཀྱིས་མནར་བའི་ཁོང་ཁྱིམ་དུ་ལོག་ཀྱང་ཤ་ཚ་བའི་བུ་ཕྲུག་གཉིས་པོ་པང་དུ་ལེན་ཐབས་བྲལ་མོད། ཕུན་ཚོགས་རྡོ་རྗེར་འགྱོད་པ་སྤུ་ཙམ་ཡང་བྱུང་མེད།

“འགག་རྩའི་དུས་སུ་ཉེན་རྟོག་པས་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་དོན་དགོས”ཞེས་ཕུན་ཚོགས་རྡོ་རྗེས་བྱ་སྤྱོད་དངོས་ལ་བརྟེན་ནས་མི་དམངས་ཉེན་རྟོག་པས་ཏང་ལ་ལྷག་བསམ་རྣམ་དག་བྱེད་ལུགས་མཚོན་ཡོད་ལ། ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་དེ་ཏན་ཏིག་གི་བྱ་སྤྱོད་ལས་མངོན་པར་བྱས་ཡོད།

ལས་གནས་བརྟན་སྲུང་དང་མདུན་ཕྱོགས་སུ་བཀོད་འདོམས་བྱེད་པར་བསྐྱོད་དེ་འགན་འཁྲི་བྱ་ཐབས་ནས་མངོན་པར་བྱས་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ལས་གནས་བརྟན་སྲུང་དང་མདུན་ཕྱོགས་སུ་བཀོད་འདོམས་བྱེད་པར་བསྐྱོད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་བྱེད་རིང་ཉམས་སད་ཐེག་པར་བྱས་ཐོག རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་མདུན་མར་བསྐྱོད་དེ་དུས་ཐོག་ཏུ་མཛུབ་ཁྲིད་དང་། དུས་ཐོག་ཏུ་རིམས་ནད་ཁོང་དུ་ཆུད། དུས་ཐོག་ཏུ་བྱ་སྤྱོད་སྤེལ་བ་བཅས་ཀྱིས་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བྱེད་དགོས་པ”བསྟན་གནང་ཡོད།

“ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་ཀུན་ལས་ལྷག་པ་བློ་ལ་བརྟན་པོར་བཅངས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་མཁོ་ཆས་མཁོ་འདོན་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས” ཟླ་1ཚེས་30ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་ཀྱི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་ཀྱི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཆེ་དགྲ་ལྷ་ལྷ་ས་གྲོང་ཁྱེར་གྱི་རྩམ་པ་འཚོང་ཡུལ་དང་། རྒྱལ་ཁབ་འབྲུ་རིགས་གྲབས་གསོག་མཛོད། ཞིང་ཞོར་ཐོན་རྫས་ཟོག་འགྲེམས་ཁང་། སྒོ་རྩིས་ཚོང་ཁང་བཅས་སུ་ཕེབས་ཏེ་རང་ལྗོངས་ཀྱི་དངོས་ཟོག་མཁོ་འདོན་འགན་ལེན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བྱ་སྤྱོད་དངོས་ལ་བརྟེན་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ནས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཐོག ཁྲོམ་རའི་མཁོ་འདོན་འགན་ལེན་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་དང་ཁྲོམ་རའི་ཟོག་གོང་བརྟན་པོ་འགན་ལེན་བྱས་ནས་མང་ཚོགས་ཀྱི“འབྲུ་རིགས”དང“ཤ་ཚལ་སྒོང་གསུམ”མཁོ་འདོན་འདང་ངེས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ནུས་ཤུགས་ཡོད་རྒུས་རིམས་འགོག་དངོས་པོ་དང་མང་ཚོགས་ཀྱི་འཚོ་བའི་མཁོ་ཆས་གཏོང་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་མ་གཏོང་བ་འགན་ལེན་དང་ཁྲོམ་རའི་དངོས་ཟོག་མཁོ་འདོན་འདང་ངེས་འགན་ལེན་གྱིས་མང་ཚོགས་ཀྱི་རྒྱུན་གཏན་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ལ་ཤུགས་རྐྱེན་མི་ཐེབས་པ་བྱས་ཡོད།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་འབྱོར་རྗེས། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་སྨན་དོན་མི་སྣ་ཡོངས་ཀྱིས་ངལ་གསོའི་དུས་ཡུན་དོར་ནས། ནུས་ཤུགས་ཡོད་རྒུས་འགོག་སྲུང་དང་། རིམས་ནད་དམག་འཐབ་ལ་ཞུགས་ཡོད། རང་སྐྱོང་ལྗོངས་ཀྱིས་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་གྱི་བརྡ་ལན་རིམ་པ་དང་པོ་འགོ་འཛུགས་པའི་ཐག་བཅད་པ་ནས་བཟུང་ཟླ་2ཚེས་1ཉིན་བར་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡོའན་ཀྲང་ཕུན་ཚོགས་བཀྲ་ཤིས་གཟའ་འཁོར་གཅིག་རིང་ཁྱིམ་དུ་ལོག་མེད། “དོན་དུ་རང་ཁྱིམ་མིག་མདུན་དུ་གནས་ཡོད་ཀྱང་ཚང་མས་ཁྱིམ་དུ་ལོག་མེད” ཁོང་གིས“རིམས་ནད་དམག་འཐབ་ལས་རྣམ་པར་རྒྱལ་བར་བྱེད་པ་ནི་སྨན་དོན་མི་སྣའི་འདོར་ཐབས་མེད་པའི་འགན་འཁྲི་ཞིག་རེད། འགག་རྩའི་དུས་སྐབས་སུ་སྨན་དོན་མི་སྣས་ཁྱིམ་ཆུང་དོར་ནས་ཚང་མར་ལྟ་རྟོག་བྱེད་པ་དང་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས”ཞེས་བརྗོད་ཀྱི་ཡོད།

“ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཐུགས་བློ་བདེ་པོ་གནང་རོགས། རིམས་ནད་ལ་ཁ་གཏད་གཅོག་པར་ང་ཚོར་གདེང་ཚོད་དང་འཇོན་ཐང་ཡོད། ཏང་དང་མི་དམངས་ཀྱིས་སྤྲད་པའི་ལས་འགན་ང་ཚོས་ངེས་པར་དུ་ཐུགས་གྲ་ལེགས་འགྲིག་ངང་ལེགས་གྲུབ་ཐུབ་ངེས་ཡིན་པར་ཡིད་ཆེས་བརྟན་པོ་ཡོད”ཅེས་ཕུན་ཚོགས་བཀྲ་ཤིས་ཀྱིས་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་མདུན་མར་འབད་འཐབ་བྱེད་བཞིན་པའི་ལས་དོན་པའི་སེམས་པ་མཚོན་པར་བྱས་ཡོད།

ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་འགན་འཁྲི་འཁུར་སེམས་མི་དམངས་ཀྱིས་ཚོར་བར་བྱས་པ།

“མིག་སྔའི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ཛ་དྲག་པོ་བྱེད་རིང་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་མི་དམངས་ཀྱི་ཁེ་ཕན་ཀུན་ལས་ལྷག་པ་བློ་ལ་བརྟན་པོར་བཅངས་པ་དང་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ་ཡིད་ཆེས་བརྟན་གཏོང་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། ཐབས་ཇུས་ལག་བསྟར་གནད་སྨིན་བཅས་ཀྱི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཏང་དར་རིམས་ནད་སྔོན་འགོག་འཐབ་རྩོད་ཀྱི་འཐབ་ས་མདུན་མར་ལྷབ་ལྷུབ་ཏུ་གཡོ་བར་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་ནང་བླང་བྱ་བཏོན་གནང་ཡོད་ལ། དེ་བས་ཏང་ཡོན་ལས་བྱེད་པས་རིམས་ནད་སྔོན་འགོག་གི་འགོག་རྒོལ་དམག་འཐབ་རྒྱག་རིང་གི་ལས་འགན་ཡང་ཁ་གསལ་བཏོན་གནང་ཡོད།

ཟླ་2ཚེས་1ཉིན་ཡོངས་བསྒྲགས་བྱས་པའི《ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྤྲིངས་པའི་ཡི་གེའི》ནང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་རྣམ་གཉིས་ཀྱིས“ཏང་ཡོན་གཅིག་ནི་དར་ཆ་གཅིག་དང་། ཀྲི་པུའུ་གཅིག་ནི་མཁར་རྫོང་གཅིག་རེད། ཏང་ཡོན་སྔོན་ལ་དོན་པ་དང་གདོང་མཆོང་ཕོད་པ་མ་ཟད། མང་ཚོགས་ཀྱི་སྣེ་ཁྲིད་པ་དང་སྟོབས་ཤུགས་གོང་བུ་འགྲིལ་བའི་ཁར་སྒྲིག་འཛུགས་བྱེད་ཐུབ་ཚེ། གཞི་ནས་མི་དམངས་མང་ཚོགས་ལ་དམ་པོར་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ”ཅེས་གསུངས་ཡོད།

ཟླ་2ཚེས་1ཉིན་འཚོགས་པའི་རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་བརྙན་ལམ་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་སླར་ཡང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ང་ཚོའི་ཐོག་མའི་བསམ་འདུན་དང་འགན་འཁྲི་རེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་གདོང་ལེན་དཔེ་བཟང་གི་ནུས་པ་ཏན་ཏིག་བཏོན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་མདུན་མར་ཞུགས་པ་ནི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ་དང་འགན་འཁྲི་འཁུར་སེམས་མངོན་པར་བྱེད་པའི“རྡོ་ཀ་ཤུ་ཁ”དང“རྡར་རྡོ”ལྟ་བུ་རེད་ཅེས་ནན་བཤད་གནང་ཡོད།

རིམས་ནད་ཀྱི་མདུན་དུ་བསམ་གྲུབ་རྩེ་ཆུས་ཀྱི་ཏང་ཡོན་865ལས་གྲུབ་པའི་འཕྲལ་སྒྲུབ་རུ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་མདུན་མར་འབད་འཐབ་བྱས་ཏེ་དཀའ་སྤྱད་རྔུལ་ཆུར་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལྕགས་རི་རིང་པོ་ཞིག་བསྐྲུན་པས། མི་དམངས་མང་ཚོགས་ཀྱིས་རིམས་ནད་ཀྱི་དམག་འཐབ་ལས་རྣམ་པར་རྒྱལ་ཐུབ་པའི་རེ་བ་མཐོང་ཡོད།

མིག་སྔར“དཀའ་ཉེན་ཆེ་བའི་དུས་སུ་ཏང་ཡོན་དོན་དགོས”ཞེས་པ་འདི་འབོད་ཚིག་ཙམ་མིན་པར་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཁ་ཡོད་ལག་ཡོད་ཀྱི་བྱ་སྤྱོད་ལ་བརྟེན་ནས“ཏང་ཡོན”ཞེས་པའི་ཡིག་འབྲུ་གཉིས་པོ་འདི་མི་དམངས་མང་ཚོགས་ཀྱི་སེམས་དབུས་སུ་ཚོར་བར་བྱས་ཡོད།

ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ཀྱི་མདུན་དུ་རང་ལྗོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ནི་བློས་འགེལ་ཤོས་ཡིན་པ་ལག་ལེན་ལས་ར་སྤྲོད་བྱུང་ཡོད་ལ་ལོ་རྒྱུས་ཀྱིས་ཀྱང་ར་སྤྲོད་ཐུབ་ངེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲ་ཞིང་བརྟན་པའི་མཛུབ་ཁྲིད་ཡོད་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚན་རིག་དང་མཐུན་པའི་ཐབས་ཇུས་ཡོད་པ། ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་དོན་པ་དང་གདོང་མཆོང་ཡོད་པ་བཅས་ལས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད།

(བསོད་ནམས་དཔའ་མོས་བསྒྱུར། བདེ་སྐྱིད་སྒྲོལ་དཀར་གྱིས་ཞུས)