《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月04日

ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷས《ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྤྲིངས་པའི་ཡི་གེ》ལ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་2ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས《ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྤྲིངས་པའི་ཡི་གེ》ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་རེད།

འཕྲིན་ཡིག་ནང“ཏང་ཡོན་གྱིས་སྔོན་ལ་དོན་པ་དང་མདུན་དུ་ཤོར་ནས་མང་ཚོགས་ལ་སྐུལ་ཁྲིད་དང་། གོང་བུ་གཅིག་སྒྲིལ། སྒྲིག་འཛུགས་བཅས་བྱས་ཚེ། གཞི་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་དམ་པོར་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ཀྱི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐུབ”ཅེས་གསུངས་ཡོད།

ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་སྔོན་ལ་དོན་པ་དང་མདུན་དུ་ཤོར་ཏེ་ཕུ་ཐུང་བརྫེས་ནས་རིམས་ནད་དང་དམག་འཐབ་བྱེད་བཞིན་ཡོད།

ཟླ་1ཚེས་30ཉིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་ནས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་གཏན་འཁེལ་བའི་ནད་དཔེ་1བྱུང་བ་དང་ནད་པ་དེ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར་ནད་སྡོད་སྨན་བཅོས་བྱེད་བཞིན་ཡོད། སྨན་ཁང་དེའི་ལས་ཐོག་སྨན་དོན་མི་སྣས་འབྲེལ་ཡོད་ཀྱི་ཇུས་གཞི་ལྟར་སྨན་བཅོས་ཧུར་ཐག་བྱེད་བཞིན་ཡོད་པ་དང་མིག་སྔར་ནད་པའི་ཚེ་སྲོག་ལ་ཉེན་ཁ་མེད། སྨན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཡོན་ཀྲང་། ཀྲུའུ་རེན་སྨན་པ་དཀའ་བཅུ་པ་བཅས་ཡིན་པའི་ཕུན་ཚོགས་བཀྲ་ཤིས་ཀྱིས་གཟའ་འཁོར་གཅིག་རིང་ཁྱིམ་དུ་མ་ལོག་པར་ལས་གནས་བརྟན་སྲུང་བྱས་ཤིང་། ཁོང་གིས“ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི《འཕྲིན་ཡིག》ལས་སྨན་ཁང་གི་སྨན་དོན་མི་སྣ་ཡོངས་ལ་སྐུལ་མ་ཐེབས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་གདོང་མཆོང་བྱེད་བཞིན་ཡོད། མིག་སྔར། ང་ཚོས་གྲ་སྒྲིག་ཨང་བསར་བྱས་ཡོད། ནད་དཔེ་ལྔ་མན་ལ་རྗེས་གྲབས་དཔུང་ཁག་དང་པོས་སྨན་བཅོས་དང་ནད་དཔེ་བཅུ་ཡན་ལ་རྗེས་གྲབས་དཔུང་ཁག་གཉིས་པས་སྨན་བཅོས་བྱས་ནས་མི་དམངས་ཀྱི་བདེ་སྐྱིད་ཁམས་བཟང་མཐའ་གཅིག་ཏུ་སྲུང་སྐྱོང་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།

“ང་ཚོའི་ལས་དོན་ཡག་པོ་སྒྲུབ་མིན་དེ་མང་ཚོགས་ཀྱི་‘ཤ་ཚལ་སྒོང་གསུམ’དང་‘འབྲུ་སྣུམ’ལས་ཤེས་རྟོགས་ཐུབ” ཟླ་1ཚེས་24ཉིན་ནས་བཟུང་། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ཁྲོམ་རའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཁྲོམ་རའི་མཁོ་སྤྲོད་འགན་ལེན་གྱི་ཆེད་དོན་ཞིབ་བཤེར་ལས་དོན་ཚོགས་ཆུང་བཙུགས་ཤིང་། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་བཀྲ་ཤིས་ཕུན་ཚོགས་ཀྱིས་ལས་གནས་ཐོག་ཡོད་པའི་ཚན་ཁག་གི་ཁོངས་མི་དང་འབྲེལ་ཡོད་ཁོའོ་དང་ཁང་གི་འགན་ཁུར་བའི་སྣེ་ཁྲིད་དེ། ཉིན་ལྟར་གྲོང་ཁུལ་གྱི་ཞིང་ཞོར་ཁྲོམ་ར་ཆེ་གྲས་དང་། ཚོང་ར་ཆེ་གྲས། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) སྒོ་རྩིས་ཚོང་ཁང་བཅས་ལ་སྐོར་ཞིབ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་འཚོ་བའི་མཁོ་ཆས་ཁྲོམ་རའི་མཁོ་སྤྲོད་འགན་ལེན་གནས་ཚུལ་དང་འགྱུར་ལྡོག་ལ་དོ་ཁུར་དམ་ཟབ་བྱེད་ཀྱི་ཡོད” ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོའི་བླང་བྱ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ཀྱི་རྒྱལ་ཁ་ལེན་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་སྒྱུར་བ་དང་། ཉིན་རེར་ཞིབ་བཤེར་དང་ཉིན་རེར་སྙན་སེང་ཞུ་བའི་ལམ་ལུགས་མཐའ་འཁྱོངས། ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་མཁོ་ཆས་ཁྲོམ་རའི་མཁོ་སྤྲོད་འགན་ལེན་གྱི་གནས་ཚུལ་ལ་དོ་ཁུར་དམ་ཟབ། མི་དམངས་མང་ཚོགས་ལ་དམ་པོར་བརྟེན་པ་བཅས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་གྱི་ཡིན་ཞེས་བཀྲ་ཤིས་ཕུན་ཚོགས་ཀྱིས་གསར་འགོད་པར་བརྗོད།

ཏང་ཡོན་གཅིག་ནི་དར་ཆ་གཅིག་དང་ཏང་ཀྲི་པུའུ་གཅིག་ནི་མཁར་རྫོང་གཅིག་རེད། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི《འཕྲིན་ཡིག》གིས་ཀྲུང་གོ་ཞིང་ལས་དངུལ་ཁང་ལྷ་ས་འདམ་གཞུང་རྫོང་ཉིང་ལག་དངུལ་ཁང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ཀྱི་རྒྱལ་ཁ་ལེན་པར་རམ་འདེགས་བྱེད་པའི“ཏང་ཡོན་འཕྲལ་སྒྲུབ་རུ་ཁག”གི་ཆོད་སེམས་དང་ཡིད་ཆེས་དེ་བས་བརྟན་དུ་བཏང་བ་རེད།

རྒན་ཡོལ་ཞུས་ཀྱང་ཉམས་མདངས་སྔར་བཞིན་ཐོན་པ། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི《འཕྲིན་ཡིག》གི་སྐུལ་ལྕག་འོག ཟླ་2ཚེས་1ཉིན། 《ཞིང་ཆེན་དང་རང་སྐྱོང་ལྗོངས་བདུན་གྱི་བོད་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་བློ་མཐུན་ལ་སྤྲིངས་པའི་ཡོངས་བསྒྲགས་འཕྲིན་ཡིག》ནི་བརྩེ་བ་ཟབ་མོ་ལྡན་པ་ཞིག་རེད། ཤིས་ཨན་དུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དོན་གཅོད་ཁང་གིས་ཞིང་ཆེན་དང་རང་སྐྱོང་ལྗོངས་བདུན་གྱི་བོད་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་བློ་མཐུན་ལ་ཡོངས་བསྒྲགས་འཕྲིན་ཡིག་ཅིག་སྤྲིངས་ཤིང་། དེའི་ནང“རྒྱ་ཆེའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་བློ་མཐུན་ཚོས་ཀྲུང་དབྱང་དང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་ཀྱི་བསམ་པར་ངོས་འཛིན་དང་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། ‘འདུ་ཤེས་བཞི’ཟབ་ཏུ་གཏོང་བ། ‘གདེང་ཚོད་བཞི’བརྟན་དུ་གཏོང་བ། ‘སྲུང་སྐྱོང་གཉིས’ཐུབ་པ། ཚེ་གང་ལྷག་བསམ་རྣམ་དག་བྱེད་པ། ནམ་ཡང་ཏང་གི་རྗེས་སུ་འབྲང་བ་སོགས་བྱེད་དགོས། ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣ་དང་ཏང་ཀྲི་པུས་དམག་འཐབ་ཀྱི་མཁར་རྫོང་ནུས་པ་གང་ལེགས་འདོན་པ་དང་། ལས་བྲལ་དང་རྒན་ཡོལ་ཞུས་པའི་ཏང་ཡོན་གྱིས་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་པ། རྒྱ་ཆེའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣར་ཚན་རིག་དང་མཐུན་ཞིང་ཡང་དག་པའི་སྒོ་ནས་རིམས་ནད་ལ་ཁ་གཏད་གཅོག་པ། དཀྲོག་གཏམ་ལ་ཡིད་མི་ཆེས་པ་དང་དཀྲོག་གཏམ་མི་སྤེལ་བ། གདེང་འཇོག་ངན་པ་མི་སྤེལ་བ་བཅས་ལ་ཁྲིད་སྟོན་སོགས་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ཞིབ་ཚགས། བློ་མཐུན་རྒན་གྲས་ཡོངས་ཀྱི་བསམ་ཤེས་དང་། རྒྱབ་སྐྱོར། གཞོགས་འདེགས་བཅས་ཀྱི་འོག སྤྱི་ཚོགས་ཡོངས་ཀྱིས་དམངས་སེམས་གཅིག་མཐུན་དང་བློ་སྟོབས་གཅིག་སྒྲིལ་བྱས་ཚེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཕྱོགས་ཡོངས་ནས་ལེན་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད”ཅེས་འཁོད་ཡོད།

(ཚེ་ཁོས་བསྒྱུར། སྤེན་ཚེ་དང་ཚེ་ཁོས་ཞུས)