《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月25日

ཆེ་དགྲ་ལྷས་རང་སྐྱོང་ལྗོངས་བདེ་ཐང་བོད་ལྗོངས་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་23ཉིན་གནས་ཚུལ་འབྱོར་གསལ། ཚེས་23ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་བདེ་ཐང་བོད་ལྗོངས་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་བདེ་ཐང་བོད་ལྗོངས་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་། ཙུང་ལི་ལི་ཁེ་ཆང་གི་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་གནང་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་གཞིར་བཟུང་། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་སྔར་བས་བཀོད་སྒྲིག་གནང་བ་རེད།(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

ཆེ་དགྲ་ལྷས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་རིམས་ནད་ཐོན་ཚུན། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་འཕྲལ་མར་བབ་བསྟུན་ལམ་སྲོལ་བཟོས་པ་དང་། ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་དང་འབྲེལ་ཡོད་སྡེ་ཚན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་དོན་ཆེན་ཨང་དང་པོར་བརྩིས་ནས་གོམས་སྟབས་གཅིག་གྱུར་དང་། དུས་ཐོག་ཏུ་ཁ་གཏད་གཅོག་པ། གོ་རིམ་ལྡན་པའི་ངང་སྔོན་འགོག་ཚོད་འཛིན་བཅས་བྱས་ནས། ལྗོངས་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་དང་སྲོག་སྐྱོབ་སྨན་བཅོས་མ་ལག་སྤྱིའི་ཆ་ནས་བསྐྲུན་ཟིན་ཡོད། མིག་སྔའི་བར། རང་ལྗོངས་སུ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་དོགས་ཡོད་ནད་དཔེ་དང་གཏན་འཁེལ་བྱས་པའི་ནད་དཔེ་གཅིག་ཀྱང་ཐོན་མེད་ཅེས་གསུངས་པ་རེད།

ཆེ་དགྲ་ལྷས་རིམ་ཁག་སྲིད་གཞུང་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་འགོ་ཁྲིད་སྒྲིག་གཞི་བཙུགས་ཏེ་གཅིག་གྱུར་འགོ་ཁྲིད་དང་། རིམ་དབྱེ་འགན་འཁུར། ཁྲིམས་བཞིན་འགོག་བཅོས་བཅས་བྱས་ནས་རིམ་པ་བཞིན་འགན་འཁྲི་ནན་དུ་བཏང་སྟེ། ལས་དོན་དོན་འཁྱོལ་ཡོང་བར་དམ་འཛིན་ནན་པོ་བྱས་ནས། སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཁུག་ཆ་དང་སྟོང་ཆ་མི་ལུས་པ་བྱེད་དགོས། མ་ཐོན་སྔོན་འགོག་ཡག་པོ་བྱས་ནས་ཚ་བ་རྒྱས་པའི་སྒོ་བསྟེན་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ་དང་། གནམ་ཐང་དང་། མེ་འཁོར་བབས་ཚུགས། ཐག་རིང་འགྲུལ་སྐྱེལ་ས་ཚིགས་སོགས་བོད་ལ་འགྲོ་འོང་བྱེད་སའི་བགྲོད་ལམ་གྱི་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་པ། སྒོ་རྩིས་ཚོང་ཁང་དང་གློག་བརྙན་ཁང་སོགས་མི་སྣ་འདུ་འཛོམས་ཁུལ་གྱི་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ། ཞིང་ཟོག་ཁྲོམ་ར་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་འཕྲོད་བསྟེན་དོ་དམ་དང་དུག་སེལ་ལས་དོན་ལ་གཙོ་གནད་ཐོག་ཤུགས་སྣོན་རྒྱག་པ། གྲལ་བཤེར་ནན་ཏན་བྱེད་པ། མངོན་མེད་རྐྱེན་ངན་འགོག་ཟོན་ནན་པོ་བྱེད་པ། མི་སྣ་འགྲོ་འོང་བྱེད་ཉུང་དུ་གཏོང་བ། འབྱུང་རྩ་ནས་རིམས་ནད་མཆེད་ས་མེད་པར་བཟོ་བ་བཅས་བྱེད་དགོས། སྒྲིག་ཁྲིམས་ལག་བསྟར་གནད་ལ་འཁེལ་བ་དང་། གཙོ་གནད་ལས་གནས་དང་འགག་རྩའི་ལྷུ་ཚིགས་ཀྱི་འཕྲལ་སྡོམ་ལས་རེས་ལ་ཤུགས་སྣོན་རྒྱག་པ། “ཉིན་རེར་སྙན་ཞུ་དང་གནས་ཚུལ་མེད་ཀྱང་སྙན་སེང་ཞུ་བའི”ལམ་ལུགས་དོན་འཁྱོལ་ནན་པོ་བཅས་བྱས་ཏེ། འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་དང་། ལས་དོན་དམིགས་སར་འབྱོར་བ། བྱ་ཐབས་གནད་ལ་འཁེལ་བ་བཅས་ཡོང་བའི་འགན་ལེན་བྱེད་དགོས། དོ་ཁུར་ཆེ་བའི་གནད་དོན་ལ་རང་འགུལ་ངང་བརྡ་ལན་སློག་པ་དང་དུས་ཐོག་ཏུ་དབང་གྲགས་ལྡན་པའི་ཆ་འཕྲིན་ཡོངས་བསྒྲགས་བྱས་ནས། བདེ་ཐང་སློབ་གསོ་དྲིལ་བསྒྲགས་ཁྱབ་གདལ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་དགོས། དངོས་ཟོག་ཉར་ཚགས་དང་མཁོ་སྤྲོད་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། སྐབས་དང་བསྟུན་ནས་ཐོན་རྫས་རྫུས་མ་བཟོ་བ་དང་ཕྱིར་ཚོང་བྱེད་པ་དང་། དངོས་ཟོག་གི་རིན་གོང་སྤོར་བ། མགོ་སྐོར་བཏང་ནས་ཁེ་བཟང་ལེན་པ་སོགས་ཁྲོམ་རའི་སྒྲིག་ལམ་ཟང་ཟིང་བཟོ་བའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་འགོག་ཚོད་འཛིན་བྱས་ཏེ། འབྲེལ་འདྲིས་ཆེ་བའི་མི་སྣར་རྒྱུན་མཐུད་རྗེས་སྙེགས་བྱེད་པ་དང་ཚ་བ་བརྒྱབ་ཡོད་མེད་ལ་གྲལ་བཤེར་དང་སྔོན་བཤེར་ལོགས་བཅོས་སོགས་ཀྱི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ། རིམས་ནད་ཐོན་ཚུལ་ཤེས་མ་ཐག་འཕྲལ་མར་ལོགས་དབྱེ་སྨན་བཅོས་བྱེད་དགོས། རྒྱལ་ཁབ་ཀྱི་དམིགས་བསལ་སྨན་རིན་རྩིས་ཞུའི་སྲིད་ཇུས་དོན་འཁྱོལ་ནན་པོ་བྱེད་པ་དང་སྨན་བཅོས་རོགས་སྐྱོབ་མ་དངུལ་གྱི་ཐ་སྐྱོང་འགན་སྲུང་ནུས་པ་འདོན་སྤེལ་བྱས་ཏེ། ནད་པའི་སྨན་བཅོས་ཀྱི་སེམས་ཁྲལ་སེལ་དགོས། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་མ་རུངས་ཁོག་བཅུག་བྱེད་མཁན་ཁག་གཅིག་གིས་རིམས་ནད་ཀྱི་གནས་ཚུལ་ལ་བརྟེན་ནས་དོན་རྐྱེན་སློང་བ་དང་། ལྷག་པར་དུ་ཆོས་ལུགས་ཀྱི་ཕྱི་གོས་གྱོན་ནས་སྨོན་ལམ་འདེབས་དགོས་ལུགས་སོགས་ཀྱི་བྱེད་སྤྱོད་གཏན་འགོག་བྱེད་པ་དང་། སྤྱི་ཚོགས་ཀྱི་དུས་བབ་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ནས། མི་དམངས་མང་ཚོགས་ཀྱིས་བདེ་ཐང་དང་། དུས་བདེ། འཆམ་མཐུན་བཅས་ལྡན་པའི་དུས་ཆེན་ཞིག་གཏོང་བའི་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།