《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月25日

འཆི་མེད་ཚེ་རིང་གི་ཐུན་མོང་མ་ཡིན་པའི་ཕྱུག་འགྱུར་གྱི་མན་ངག

སྐབས་དེ་དུས་ལོ་20ལ་སླེབས་པའི་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་གོང་སྨད་གྲོང་ཚོའི་གྲོང་མི་འཆི་མེད་ཚེ་རིང་གིས་སྤོས་ཀྱི་སྨན་སྦྱོར་ཞིག་ལ་བརྟེན་ནས་སྤོས་བཟོ་གྲྭའི་ཐོན་སྐྱེད་ལ་ལམ་ལྷོངས་བྱུང་སྟེ་ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི་300ལྷག་ཙམ་བྱུང་བ་རེད།

ཁོང་གིས་དེའི་རིང་དཀའ་ངལ་སྣ་ཚོགས་འཕྲད་མོད། འོན་ཀྱང་འབད་བརྩོན་ལྷོད་མེད་བྱས་པ་ཡིན་ཞེས་བརྗོད།

2006ལོར། ལོ་19ལ་སླེབས་པའི་འཆི་མེད་ཚེ་རིང་དམའ་རིམ་སློབ་འབྲིང་ནས་ཐོན་མ་ཐག་ཡིན་པ་དང་། འབྱུང་འགྱུར་གྱི་འཚོ་བར་ཁོང་གིས་རེ་སྒུག་ཆེན་པོ་བྱེད་ལ་སེམས་ཁྲལ་ཡང་གང་མང་བྱུང་ཞིང་། རང་ཉིད་ལ་དབང་བའི་བྱ་གཞག་བསྐྲུན་འདོད་རུང་འགོ་ཇི་ལྟར་ཚུགས་དགོས་པར་ངེས་ཤེས་ཅི་ཡང་མེད།

ཡིན་ཡང་། འཆི་མེད་ཚེ་རིང་ལ་ངར་ཤུགས་ཀྱིས་ཁེངས་པ་མཐོང་སྐབས། ཞང་པོ་ཚུལ་ཁྲིམས་བསྟན་འཛིན་གྱིས་ཁོང་ལ་སྤོས་སྦྱོར་རྟ་བྱེད་སྟངས་ཤིག་སྤྲད་དེ་བྱ་གཞག་གི་རྩ་བ་ཚུགས་ཐུབ་པར་བྱས་ཤིང་། འཆི་མེད་ཚེ་རིང་ཡང་སྤོས་དེ་རིགས་སྨན་སྦྱོར་བྱེད་མཁན་གྱི་རྒྱུན་འཛིན་པ་མི་རབས་བཞི་པར་གྱུར།

2007ལོར་འཆི་མེད་ཚེ་རིང་གིས་ལྷ་སར་ཡོང་ནས་སྨན་སྦྱོར་བྱེད་སྟངས་དེ་བརྒྱུད་ཁོང་གི་མི་ཚེའི་ལེའུ་གསར་པ་ཞིག་རྩོམ་འགོ་ཚུགས།

2008ལོར་ཁོང་གིས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་ཁང་པ་གཡར་ནས་སྤོས་ཐོན་སྐྱེད་བཟོ་གྲྭ་བཙུགས་ཏེ་མིང་ལ“ཚུལ་ཁྲིམས”སྤོས་བཟོ་གྲྭ་ཞེས་བཏགས། “སྐབས་དེར་བཟོ་གྲྭ་ཆུང་བ་དང་ཁེར་རྐྱང་དུད་ཚང་ཞིག་ཡིན”ཞེས་འཆི་མེད་ཚེ་རིང་གིས་གསར་འགོད་པར་བརྗོད། བཟོ་ཁང་ཆུང་རུང་ཐུན་མོང་མ་ཡིན་པའི་སྨན་སྦྱོར་བྱེད་སྟངས་ལ་བརྟེན་ནས་ཁོང་གི་སྤོས་ཁྲོམ་རར་བྲིན་ཁ་རྒྱུག་པོ་བྱུང་ཡོད། ལོ་ཁ་ཤས་སོང་རྗེས་བོད་དུ་བྲིན་ཁ་རྒྱུག་པ་མ་ཟད། པེ་ཅིང་དང་། ཁྲེང་ཏུའུ། ཀོང་ཏུང་བཅས་སུའང་ཁྲོམ་ར་བརྟན་པོ་ཡོད་པ་རེད།

སྐབས་དེར་ཁོང་གི་བཟོ་ཁང་ཆུང་ཆུང་གིས་ཁྲོམ་རའི་དགོས་མཁོ་སྐོང་མི་ཐུབ་པས་ངེས་པར་དུ་རྒྱས་སྐྲུན་བྱེད་དགོས་ཀྱི་ཡོད། སྟབས་ལེགས་པ་ཞིག་ལ་ཆུ་གསུམ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་འཇོན་ཐང་ཅན་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱ་རྒྱུར་འགུག་ཆེད། གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ཁར་ད་དུང་མ་དངུལ་ཐོག་ནས་ཀྱང་རོགས་སྐྱོར་བྱས་པ་རེད།

དེ་ལྟར་2012ལོར་འཆི་མེད་ཚེ་རིང་གིས་ལྷ་སའི་སྤོས་བཟོ་གྲྭ་ཐད་ཀར་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་དུ་སྤོས་པ་དང་། “ད་ཆ་ངའི་བཟོ་གྲྭ་གསར་པར་ས་ཁྱོན་སྨི་ངོས་གྲུ་3405ཟིན་ལ། ཕྱོགས་བསྡུས་དོ་དམ་ཁང་དང་། ཐོན་སྐྱེད་འཁོར་ཁང་། ལས་བཟོའི་འཚོ་བའི་ཁུལ། གཞུང་ལས་སྒྲུབ་ཁུལ་བཅས་ཡོད་པས། སྔོན་ཆད་དང་བསྡུར་ན་ད་ཆའི་བཟོ་གྲྭ་འཐུས་སྒོ་ཚང་པོ་ཡོད”ཅེས་འཆི་མེད་ཚེ་རིང་གིས་དགའ་སྤྲོའི་ངང་གསར་འགོད་པར་བརྗོད།

ད་ཆ་འཆི་མེད་ཚེ་རིང་གི་ཚུལ་ཁྲིམས་སྤོས་བཟོ་གྲྭ་འཕེལ་རྒྱས་མྱུར་བས་ལྷ་སར་རང་ཉིད་ཀྱི་ཆེད་ཚོང་ཁང་ཡོད་པ་མ་ཟད། ལྷོ་ཁ་གྲོང་ཁྱེར་དུའང་ཚབ་ཚོང་མཁན་ཡོད། བཟོ་གྲྭ་ཡོངས་ལ་ལས་མི་16(དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་བདུན་གྱི་ལས་མི་ཡོད)ཡོད། “བཟོ་གྲྭའི་ཐོན་རྫས་གཙོ་བོ་དྲི་བཟང་སྤོས་སོགས་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད”ཅེས་འཆི་མེད་ཚེ་རིང་གིས་ངོ་སྤྲོད་བྱས།