《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月21日

ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས།

རྒྱ་བོད་ཡིག་སྒྱུར་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཏང་འཛུགས་སྐྱོང་དང་དངུལ་རྩའི་ལས་སྒོར་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སྔར་ལས་ལྷག་པའི་སྒོ་ནས་དངུལ་ཁང་ཡོངས་ཀྱི་ལས་བྱེད་ལས་བཟོའི་“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པར་ཁྲིད་སྟོན་དང་། ལས་བཟོས་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ལ་དགའ་ཞེན་སེམས་པ་སྐུལ་སློང་གང་ལེགས་ཀྱིས་ལས་བཟོའི་བོད་རྒྱ་སྐད་གཉིས་ཀྱི་ཕྱོགས་བསྡུས་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་དངུལ་ཁང་ཡོངས་ཀྱི་ཏང་འཛུགས་སྐྱོང་དང་ལས་སྒོ་གཉིས་མཉམ་བགྲོད་འཕེལ་རྒྱས་ལ་རམ་འདེགས་བྱ་ཆེད། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ལྗོངས་ཡོངས་ཀྱི་དངུལ་རྩའི་མ་ལག་ཁྲོད་རྒྱ་བོད་སྐད་གཉིས་ཡིག་སྒྱུར་ཞབས་ཞུའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བ། ཞིང་ལས་དངུལ་ཁང་སླར་གསོ་བྱུང་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བ་བཅས་བརྗོད་དོན་གཙོ་བོར་བྱས་པའི་བོད་ལྗོངས་ཞིང་ལས་དངུལ་ཁང་གི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཏང་འཛུགས་སྐྱོང་དང་དངུལ་རྩའི་ལས་སྒོའི་སྐོར་གྱི་རྒྱ་བོད་ཡིག་སྒྱུར་དང་བོད་ཡིག་མ་རྩོམ་གྱི་འགྲན་བསྡུར་བྱེད་སྒོ་སྤེལ་བ་རེད།

འགྲན་བསྡུར་ནང་“རླབས་ཆེན་མེས་རྒྱལ་ལ་བསྟོད་གླུ་ལེན”ཞེས་པ་དང་“ཞིང་ལས་དངུལ་ཁང་ལ་བསྟོད་པ་ཚངས་དབྱངས་ངག་གི་འགྱུར་ཁུག”ཞེས་པ་སོགས་སྙན་རྩོམ་དང་ལྷུག་རྩོམ། དེ་བཞིན་གཏམ་བརྗོད་ཐུང་གྲས་སོགས་སྣ་མང་ཕུན་སུམ་ཚོགས་པའི་རྩོམ་ཡིག་མང་དག་ཞུགས་པ་དང་། མཐར་ཕུལ་བྱུང་གི་སྒྲིག་འཛུགས་ཚན་པ་དང་། ཨང་དང་པོ་ནས་གསུམ་པ་དང་། ཕུལ་བྱུང་གི་བྱ་དགའ་བཅས་བདམས་ཐོན་བྱུང་བས་འགྲན་བསྡུར་བྱེད་སྒོར་དངུལ་ཁང་ཡོངས་ཀྱི་ལས་བྱེད་ལས་བཟོས་གདེང་འཇོག་ཆེན་པོ་ཐོབ་པ་མ་ཟད། བྱེད་སྒོ་བརྒྱུད་དངུལ་ཁང་ཡོངས་ཀྱི་ལས་བྱེད་ལས་བཟོའི་བོད་རྒྱ་སྐད་གཉིས་ཀྱི་ཞབས་ཞུའི་ནུས་པ་སྔར་བས་མཐོར་འདེགས་དང་དཔེ་སྟོན་དབང་གྲགས་ཀྱི་གནས་བབ་སྔར་བས་སྲ་བརྟན་དུ་ཕྱིན་ཡོད། (འཕྲིན་སྤེལ་བ་ཕུར་བུ་དོན་གྲུབ)