《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月21日

མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་ས་མཐོར་རབ་ཏུ་བཞད།

——མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པའི་སྐོར་གྱི་རིམ་སྤེལ་དཔྱད་གཏམ་གཉིས་པ།

མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་། ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན། མི་རིགས་མཐུན་སྒྲིལ་དང་། རྒྱལ་ཁབ་གཅིག་གྱུར་བྱུང་ན་གཞི་ནས་དཔལ་འབྱོར་དར་རྒྱས་གོང་འཕེལ་ཡོང་ཐུབ་པ་དང་། སྤྱི་ཚོགས་གཞི་ནས་ཞི་མཐུན་བརྟན་ལྷིང་ཡོང་ཐུབ་པ། མི་དམངས་གཞི་ནས་བདེ་སྐྱིད་ཁམས་བཟང་ཡོང་ཐུབ་པ་བཅས་ལག་ལེན་དངོས་ཀྱི་ཐོག་ནས་ར་འཕྲོད་ཡང་ཡང་བྱུང་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཀྲུང་གོ་གུང་ཁྲན་ཏང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་དེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་བུའི་ཐོག་བསྐྱོད་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེ་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བ་བརྒྱུད། ལེགས་ཆ་གསར་པ་ཟམ་མི་ཆད་པར་ཐོན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་མཆོང་སྐྱོད་གསར་པ་ཟམ་མི་ཆད་པར་བྱུང་བ། མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོ་ཉིན་རེ་བཞིན་སྲ་བརྟན་དང་ཤུགས་སྣོན་ཐེབས་པ་དང་རྣམ་པ་གསར་པ་རྒྱུན་ཆད་མེད་པར་མངོན་པ། མི་རིགས་ཁག་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་སྲིད་ལོ་གསར་པ་བཏོད་པ་དང་སྦྲགས། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་འོད་སྟོང་འཕྲོ་བའི་མཐུན་སྒྲིལ་ཡར་ཐོན་གྱི་ལེའུ་གསར་པ་བརྩམས་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》ནི་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལག་ལེན་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་པ་ཞིག་ཡིན་ཞིང་། དེ་ཐོག་ནས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་མཚོན་ཡོད་ལ། མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་ཡང་མཚོན་ཡོད།

ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་ལོ་ངོ་བདུན་ཅུའི་རིང་གི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ། བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་། དམངས་གཙོའི་བཅོས་སྒྱུར་བྱས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་བ། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལག་བསྟར་བྱས་པ་བཅས་ཀྱི་ཐོག་ནས་ཏང་གིས་བོད་དུ་བསྒྲུབས་པའི་དོན་ཆེན་གཙོ་བོ་ལྔ་ཚང་མ་ནི་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོའི་རླབས་ཆེན་རྒྱལ་ཁ་དང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་རྒྱུ་དེ་མི་རིགས་ཁག་གི་ཁེ་ཕན་ཆེ་ཤོས་ལ་བརྩིས་ནས་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཤིག་མ་ཡིན་ནམ། ལོ་རྒྱུས་མེ་ལོང་དུ་འཛིན་གྱུར་ན། ཐོག་མའི་བསམ་འདུན་གསལ་པོ་མཐོང་། བློ་བརྟན་འགྱུར་མེད་ངང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས། རང་རེའི་ཏང་གིས་མི་རིགས་མཐུན་སྒྲིལ་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་མི་རིགས་མཐུན་སྒྲིལ་དེ་རྒྱལ་སྲིད་སྐྱོང་བའི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ནས་མཛད་ཕྱོགས་སྲིད་ཇུས་ལ་བསྒྱུར་ཡོད། 1959ལོའི་ཟླ་4པར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་ཐོག་བོད་ཀྱི་གནད་དོན་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས“མི་རིགས་ཁག་གི་ངལ་རྩོལ་མི་དམངས་ཀྱིས་སྤུན་ཟླ་ལྟ་བུའི་མཐུན་སྒྲིལ་དང་རོགས་རེས་ལ་བརྟེན་ནས་དར་རྒྱས་གོང་འཕེལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་དགོས། འདི་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བློ་བརྟན་འགྱུར་མེད་ཀྱི་མཛད་ཕྱོགས་ཡིན”ཞེས་ནན་བཤད་བྱས་ཡོད།

ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོའི་དར་ཆའི་འོག་ས་མཐོའི་ས་གཞི་ཆེ་མོར་འབད་འཐབ་བྱེད་བཞིན་པའི་གུང་ཁྲན་ཏང་མི་དང་མི་རིགས་ཁག་གི་གསར་བརྗེའི་སྔོན་བྱོན་པ་ཚོས་དཀའ་སྤྱད་འབད་བརྩོན་དང་འབད་འབུངས་མདུན་སྐྱོད་ཀྱིས་ཚེ་སྲོག་དང་ཁྲག་དྲོན་ལ་བརྟེན་ནས“མཐུན་སྒྲིལ་ཁྱད་པར་ཐུབ་པ”དེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ཀྱི་གཏིང་ཟབ་པའི་ནང་དོན་དང་བླ་ན་མེད་པའི་གཤིས་རྒྱུད་ལ་སྣོན་འབྲི་བྱས་པ་དེས་རྒྱ་ཆེའི་བོད་ལྗོངས་འཛུགས་སྐྲུན་པ་ཚོས་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་ཡང་ཡང་གཏོད་རྒྱུར་སྐུལ་ལྕག་དང་བསྔགས་སྐུལ་བྱས་ཡོད། ཏང་ཀྲུང་དབྱང་གིས་ཐུགས་ཁུར་ཟབ་མོ་གནང་བ་དང་། རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བ། བོད་སྐྱོར་ལས་བྱེད་པ་ཁག་མང་པོས“གཞན་ཡུལ་རང་ཡུལ་ལ་བརྩི་བ་དང་མང་ཚོགས་གཉེན་ཉེར་བརྩི་བ”བཅས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་མཛད་རྗེས་རྡོ་རིང་བཙུགས་ཏེ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མཚོན་ཚུལ་གསོན་ཉམས་ལྡན་པ་ཞིག་ཏུ་གྱུར་ཡོད། ཉེན་ཁ་འཕྲད་རིམ་བཞིན། རིམ་ཁག་ཏང་སྲིད་རྩ་འཛུགས་དང་། བཅའ་སྡོད་དཔུང་སྡེ། དྲག་ཆས་ཉེན་རྟོག་དཔོན་དམག་བཅས་ཀྱིས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མཐུན་སྒྲིལ་རོགས་རེས་དང་འཆི་གསོན་མཉམ་གནས་ཀྱི་བརྗིད་ཆེའི་སྙན་ངག་ལེའུ་ཐུན་མོང་ཐོག་བརྩམས་ཡོད། གསར་བརྗེ་འཛུགས་སྐྲུན་དང་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མཉམ་སྡེབ་དང་མི་སྣ་མང་པོ་རྒྱུན་ཆད་མེད་པར་ཐོན་པ་དང་། མི་རིགས་མཐུན་སྒྲིལ་གྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་སྟེ། མི་རིགས་མཐུན་སྒྲིལ་ལ་དུས་རབས་ཀྱི་ནང་དོན་གསར་པ་རྒྱུན་ཆད་མེད་པར་བསྣན་ཡོད། ཏང་གི་མི་རིགས་རིགས་པའི་གཞུང་ལུགས་ཀྱི་འོད་སྟོང་འཕྲོ་བའི་སྣེ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གིས་ཕྱར་བ་གྲུ་འདེགས་དང་། འཆམ་མཐུན་མཉམ་གནས། སྤུན་ཉེ་འཆམ་མཐུན། ལྟ་རེས་སྐྱོང་རེས་བཅས་བྱས་པས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཡར་ཐོན་བྱུང་ནས་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཀྲུང་གོའི་ཕུགས་འདུན་ཐུན་མོང་ཐོག་གཏོད་ཅེས་པ་འདི་ནི་དུས་རབས་གསར་པའི་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་མཚོན་ཚུལ་གསོན་ཉམས་ལྡན་པ་ཞིག་ཡིན་ལ། དུས་རབས་གསར་པའི་མི་རིགས་ལས་དོན་ལ་གསར་གཏོད་ལྡན་པའི་ངང་སྐུལ་འདེད་གཏོང་བའི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་ཀྱང་ཡིན”ཞེས་བསྟན་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ལྗོངས་ཏང་ཨུད་ཀྱི་མཐུན་སྒྲིལ་སྣེ་ཁྲིད་འོག་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་རྒྱུ་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་ཆེ་ཤོས་ལ་བརྩི་རྒྱུ་མཐའ་འཁྱོངས་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དེ་འཐབ་ཇུས་རང་བཞིན་དང་། རྨང་གཞིའི་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་ལས་དོན་ལ་བརྩི་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་ཏན་ཏིག་བཏང་བས། ལྗོངས་ཡོངས་སུ་མི་རིགས་ཁག་དབར་སྤུན་ཉེ་འཆམ་མཐུན་དང་། ལྟ་རེས་སྐྱོང་རེས། འཆམ་མཐུན་མཉམ་གནས། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། དེང་གི་བོད་ལྗོངས་སུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་ས་མཐོར་རབ་ཏུ་བཞད་ནས་མི་རིགས་ཁག་མར་དང་འདྲ་བར་མཉམ་འདྲེས་ཐུབ་པ་དང་སྤགས་གོང་བཞིན་རྡོག་རྩ་གཅིག་ཏུ་བསྒྲིལ་ཡོད། མི་རིགས་ཁག་གི་མི་དམངས་ཀྱིས་མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན་པས་མཐུན་སྒྲིལ་བྱུང་ན་གཞི་ནས་སྟོབས་ཤུགས་ལྡན་པ་དང་། གཞི་ནས་རེ་བ་ཡོད་པ། གཞི་ནས་དར་རྒྱས་གོང་འཕེལ་ཡོང་བ་བཅས་ལག་ལེན་ནང་མྱོང་ཚོར་སྔར་བས་གཏིང་ཟབ་ཐུབ་ཡོད།

མི་རིགས་ཁག་གི་མི་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ངེས་པར་དུ་མངོན་འགྱུར་བྱེད་དགོས་པའི་རྩ་བའི་འགན་ལེན་ཡིན། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་མཚམས་སུ། ང་ཚོས་མི་རིགས་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སྔར་བས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གཞིར་བཟུང། སྔ་ཕྱི་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་དགོས་པ་དང་། སྔ་ཕྱི་བར་གསུམ་དུ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་རིགས་ཁག་གི་མི་དམངས་ཀྱི་རེ་འདོད་དེ་འབད་འཐབ་དམིགས་ཚད་ལ་བརྩིས་ནས། བོད་ལྗོངས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་དང་དེང་རབས་ཅན་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས་པ། སྔ་ཕྱི་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་བྱས་ཏེ་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་དགོས་པ། སྔ་ཕྱི་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོའི་དར་ཆ་མཐོན་པོར་བསྒྲེངས་ནས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་དགོས་པ། སྔ་ཕྱི་བར་གསུམ་དུ་མི་རིགས་ཀྱི་ལས་དོན་ཁྲིམས་བཞིན་བཅོས་སྐྱོང་བྱས་ནས་ཁྲིམས་ལུགས་ཀྱི་མདུན་དུ་མི་རིགས་ཁག་གི་སྤྱི་དམངས་ཚང་མ་འདྲ་མཉམ་ཡོང་བའི་འགན་ལེན་བྱེད་དགོས་པ། སྔ་ཕྱི་བར་གསུམ་དུ་ཏང་གིས་མི་རིགས་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་འགན་ལེན་བརྟན་པོ་བྱེད་པ་དང་། བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། བློ་སེམས་གཅིག་མཐུན་དང་ཕྱོགས་མཐུན་མཉམ་སྐྱོད་བཅས་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

(པ་ཚེ་དང་དཀོན་སྒྲོལ་གྱིས་སྒྱུར་ཞུས་བྱས)