《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月21日

མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས《སྲོལ་ཡིག》དྲིལ་བསྒྲགས་ལག་བསྟར་ཐད་གྲོས་བསྡུར་འཁྲུག་པོ་བྱས་ཏེ།

བོད་འདི་ཉིད་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་ལ་བསྐྲུན་རྒྱུ་ཡིན་ཞེས་བརྗོད་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཞིག་རེད། འདི་ལོའི་ཟླ་1ཚེས་11ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། རང་ལྗོངས་ཀྱི་ལས་རིགས་ཁག་དང་། གྲོང་ཁྱེར། ས་ཁུལ་བཅས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་དགའ་སྤྲོ་འཁོལ་བའི་ངང་གྲོས་བསྡུར་འཁྲུག་པོ་བྱས་ཡོད། ཚང་མས《སྲོལ་ཡིག》ལ་གྲོས་འཆམ་བྱུང་བ་ནི་བོད་ཀྱི་མི་རིགས་མཐུན་སྒྲིལ་གྱི་བཀྲ་ཤིས་པའི་དོན་ཆེན་ཞིག་ཡིན་པ་དེ་ཐོག་ནས་རང་རེའི་བོད་འདི་ཉིད་འཕེལ་རྒྱས་སྔར་བས་ཡག་པོ་ཡོང་ངེས་ཡིན་པས《སྲོལ་ཡིག》ངེས་པར་དུ་ལག་བསྟར་ཡག་པོ་དང་བརྩི་སྲུང་ཡག་པོ་ཞུ་རྒྱུ་ཡིན་ཞེས་གཅིས་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་གཞོན་པ་ཀྲོའུ་དབྱིས་ཧྥུང་གིས། 《སྲོལ་ཡིག》དེ་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ལ་དམ་པོར་གཞིགས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་མ་གཏིང་ཟབ་གཏོང་རྒྱུར་གཞོལ་བ་ཞིག་ཡིན་པས་མི་རིགས་ཁག་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་སྒོ་ནས་བོད་འདི་ཉིད་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་ལ་བསྐྲུན་རྒྱུ་ཡིན་ཞེས་བརྗོད་པ་རེད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་ཁྲིམས་འཛུགས་ཁྲུའི་ཁྲུའུ་ཀྲང་ཉི་མ་སྒྲོལ་དཀར་གྱིས《སྲོལ་ཡིག》དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྐོར་གྱི་ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་བཀོད་སྒྲིག་དང་བླང་བྱ་གལ་ཆེན་ལ་བརྩི་སྲུང་ཞུས་ཏེ་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་ཉམས་མྱོང་དང་གྲུབ་འབྲས་ཟུང་འབྲེལ་བྱེད་པའི་སྒོ་ནས་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་རྩ་འཛུགས། སྤྱི་དམངས་མི་སྒེར་བཅས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་མ་གཏོང་བའི་ཐད་ཀྱི་འགན་འཁྲི་དང་འོས་འགན་ཚད་ལྡན་དུ་བཏང་ཡོད་ཅེས་བརྗོད་པ་རེད། (པར་ངོས་བཞི་པར་གཟིགས)




(པར་ངོས་དང་པོར་མཐུད) 《སྲོལ་ཡིག》ནང་བོད་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོ་སྤེལ་བར་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ལ་གཞི་བཙུགས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་སྒོ་ལས་ཁུངས་དང་། ཁེ་ལས། སྡེ་ཁུལ། ཤང(གྲོང་རྡལ) གྲོང་ཚོ(གྲོང་ལྷན) སློབ་གྲྭ དཔུང་སྡེ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སོགས་སུ་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་འབྲེལ། དཔེ་བཟང་ས་ཁུལ(གྲོང་ཁྱེར)དང་། དཔེ་བཟང་རྫོང(ཆུས)དཔེ་བཟང་ཤང་གྲོང(ཁྲོམ་གཞུང)དཔེ་བཟང་གྲོང་ཚོ(གྲོང་ལྷན) དཔེ་བཟང་སྡེ་ཁུལ། དཔེ་བཟང་ཚན་པ་བཅས་སྒྲིག་འཛུགས་བྱས་ནས་འཛུགས་གཏོད་བྱེད་དགོས་ལུགས་བཏོན་ཡོད། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་སུའོ་ཡི་ལས་རོགས་ཞིབ་འཇུག་པ་སུང་པུའོ་ཧན་གྱིས《སྲོལ་ཡིག》ནང་རིམ་ཁག་སྲིད་གཞུང་དང་། ཁེ་ལས་དང་བྱ་གཞག་ཚན་པ། སྤྱི་ཚོགས་ཚོགས་པ། ཁྱིམ་ཚང་བཅས་ཀྱི་འཛུགས་གཏོད་ལས་དོན་ཁྲོད་ཀྱི་འགན་འཁྲི་གསལ་བཟོ་བྱས་ཡོད་པས་མི་རིགས་མཐུན་སྒྲིལ་གྱི་འཚོ་བའི་ངོ་བོ་དང་དམངས་ཡོངས་ཀྱི་ངོ་བོ་གང་ལེགས་མངོན་ཡོད་པའི་ངོས་འཛིན་བྱས་པ་རེད།

བོད་ལྗོངས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡོན་ཀྲང་ཉི་མ་ཚེ་རིང་གིས《སྲོལ་ཡིག》བཏོན་པ་དེས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་ལས་ཀའི་ལམ་སྲོལ་ཁ་གསལ་བྱུང་བ་དང་འཛུགས་གཏོད་ལས་དོན་ཁྲོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་སློབ་གསོའི་ནུས་པ་གལ་ཆེན་ཐོན་ཡོད་ཅེས་བརྗོད་པ་རེད།

ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་འཇོ་མོ་ཁྲོམ་གཞུང་དོན་གཅོད་ཁང་གཉིས་བཀུར་ལམ་སྡེ་ཁུལ་གྱི་གྲོང་ལྷན་མི་རིགས་ཆོས་ལུགས་ཀྱི་ཨུ་ཡོན་དགའ་འཛོམས་ཀྱིས་གོམ་སྟབས་རྗེས་མའི་ལས་དོན་ཁྲོད་མི་རིགས་མཐུན་སྒྲིལ་ལས་དོན་སྔར་བས་ཡག་པོ་བསྒྲུབས་ཏེ་ཚང་མ་མཉམ་དུ་སྤེལ་རེས་མང་ཙམ་བྱེད་པ་དང་། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ཁྲོད་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་བསྒྲིལ་རྒྱུ་ཡིན་ཞེས་བརྗོད་པ་རེད།

ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཆོས་རྒྱལ་གྱིས། གཞི་རིམ་གྱི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་སེམས་ནང་དགའ་སྤྲོ་དཔག་མེད་སྐྱེས་བྱུང་། སླད་ཕྱིན་གྱི་ལས་དོན་དང་འཚོ་བའི་ཁྲོད་ང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་སྤེལ་རྒྱུར་དེ་བས་གཞི་འཛིན་ས་དང་འགན་ལེན་བྱུང་བ་མ་ཟད། བྱ་ཐབས་དང་ཐབས་ལམ་ཡང་བྱུང་བས་གོམ་སྟབས་རྗེས་མར་ང་ཚོས་རིམ་པ་བཞིན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བ་དང་མི་རིགས་མཐུན་སྒྲིལ་འཛུགས་གཏོད་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་མུ་མཐུད་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

(བསོད་ནམས་དཔའ་མོས་བསྒྱུར། བདེ་སྒྲོལ་གྱིས་ཞུས)